[A:༢༥༩]ཡིན་ཏེ། དེ་ལ་སྤྱིར་ངེས་དོན་པར་རློམ་པ་རྩིང་པོར་གཟུ་ལུམས་སུ་སྤྱོད་ཅིང་། ཐ་སྙད་ཀྱི་བདེན་པ་ལ་རྒྱབ་ཀྱིས་ཕྱོགས་པ་དག་ན་རེ། སྒྲ་རིག་པའི་གཞུང་ལུགས་ནི། རིག་པའི་གནས་ཐུན་མོང་བ་ཙམ་ཡིན་ཞིང་། ལྷག་པར་ཕྱི་རོལ་པའི་དྲང་སྲོང་དག་གིས་བཤད་པ་ལ་གཙོ་བོར་བརྟེན་པ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རྣམས་ལས་གསལ་བར་མི་འབྱུང་ཞིང་། བསླབ་པར་བྱ་བའི་གནས་ཀྱང་མ་ཡིན་ནོ་སྙམ་དུ་སེམས་ཤིང་། དེ་སྐད་ཚིག་ཏུ་ཡང་སྨྲ་བར་བྱེད་དོ། །unaudited
འདི་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་ཁྱོད་ཀྱི་འདོད་པ་གཞིར་བཞག་ན་ཐུན་མོང་བའི་རིག་གནས་དང་། ལམ་ལ་སློབ་ཏུ་མི་རུང་ཞེས་པར་སོང་ལ། དེ་ལྟ་ནི་ཁྱེད་རང་གི་ལག་ལེན་དང་དངོས་སུ་འགལ་བ་སྟེ། ཁྱེད་རང་ཡང་ཚངས་པའི་གནས་བཞི་བསྒོམ་ཞིང་། དེའི་ནང་ནས་ཕྱི་རོལ་པ་དང་ཐུན་མོང་བའི་ཆོས་མེད་པར་ཁས་ལེན་དགོས་ཤིང་། ཁྱད་པར་གྲུབ་མཐའ་བྱེ་བྲག་སྨྲ་བ་ནས་བཟུང་སྟེ། དབུ་མ་པའི་བར་གྱི་ཞི་ལྷག་གི་ཉམས་ལེན་དང་། བྱ་རྒྱུད་ནས་བླ་མེད་ཀྱི་བར་གྱི་ཞི་ལྷག་གི་ཉམས་ལེན་སྤྱིར་བཤད་པ་རྣམས་དང་། ལྷག་པར་སྙིང་པོའི་བཅུད་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཚེ། ལྷག་མཐོང་གི་རྟེན་གཞིར་གྱུར་པའི་ཞི་གནས་ཤིག་བསྒོམ་མས་མི་བསྒོམ། བསྒོམ་ན་ནི་ཕྱི་རོལ་པ་དང་ཐུན་མོང་བའི་ཉམས་ལེན་ཁྱེད་རང་ཡང་བྱེད་བཞིན་པར་མ་སོང་ངམ། ལེགས་པས་སོམས་ཤིག །གལ་ཏེ་དེ་ལ་ཁོ་ན་རེ། ཞི་གནས་ཙམ་སྒོམ་ཡང་ལྷག་མཐོང་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཁྱད་པར་ཡོད་དོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་སྐད་སྨྲ་བ་ཡིན་ཏེ། སྒྲ་རིག་ཙམ་ཐུན་མོང་ཡིན་ཀྱང་། ལྷག་བསམ་བྱང་ཆུབ་ཀྱི་སེམས་དང་། གང་ལ་སྐྱབས་སུ་འགྲོ་བའི་གནས་དང་། ཐོས་