[A:༢༥༨]འཐད་པར་མངོན་ནོ། །
དེ་ལྟར་རིག་ལྔ་ལས་ཀྱང་ཐོག་མར་སྒྲ་རིག་པ་ལ་སློབ་དགོས་ཏེ། བརྗོད་བྱའི་དོན་རྟོགས་པ་ནི་རྗོད་བྱེད་ཀྱི་ཚིག་ལ་རག་ལས་ཤིང་། དེའི་ཐ་སྙད་རྟོགས་པ་ཡང་སྒྲ་རིག་པ་ལ་རག་ལས་པའི་ཕྱིར་རོ། ཇི་སྐད་དུ་ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པའི་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། རྒྱུ་མཚན་དེ་དག་གི་ཕྱིར་ན། དོན་དམ་པའི་བདེན་པ་རྟོགས་པའི་ཐབས་སུ་ཐ་སྙད་སྒྲ་རིག་པའི་གཞུང་ལུགས་ལ་ལེགས་པར་སློབ་དགོས་པ་ཡིན་ནོ། །
ཇི་ལྟར་སློབ་པའི་ཚུལ་ལ་ཡང་གཉིས་ཏེ། སྒྲ་རིག་པ་ཇི་ལྟར་བྱུང་བའི་ཚུལ་དང་། ཇི་ལྟར་བྱུང་བའི་སྒྲ་རིག་པ་བཤད་པའོ།
དང་པོ་ལ་ལྔ། རྒྱལ་བས་གསུངས་ཚུལ། རྒྱལ་སྲས་ཀྱིས་མཛད་ཚུལ། ལྷ་ཡུལ་དུ་བྱུང་ཚུལ། རྒྱ་གར་དུ་དར་ཚུལ། བོད་དུ་འགྱུར་ཚུལ་བཤད་པའོ།
དང་པོ་ནི། མཁས་པའི་དབང་པོ་སྒྲ་པ་ཤེས་རིན་པས་རིག་གནས་ཀུན་ཤེས་ལས། གསུམ་པས་ཚིག་ལ་འཁྲུལ་པ་སེལ་བའི་ཕྱིར། །དེ་ལ་ལོག་པར་སྨྲ་བ་ཚང་གཅོད་བྱེད། །སྒྲ་རིག་དེ་བཞིན་གཤེགས་པས་གསུངས་པ་ནི། །ངེས་ཚིག་སོ་སོ་ཡང་དག་རིག་པ་ཡི། །ཡི་གེ་དབྲི་དང་བསྣན་དང་བསྒྱུར་བ་དང་། །ཚིག་གི་རྣམ་དབྱེ་སོགས་ཀྱི་རྣམ་འགྱུར་རོ། །ཁྱད་པར་རྔ་བོ་ཆེ་ཡི་མདོ་ལས་ནི། །བྱིངས་དང་མིང་དང་ཀུན་བཤད་ཉེར་བསྒྱུར་དང་། །ཀྲྀཏ་དང་དེ་ཕན་གྱིས་བསྡུས་སྒྲུབ་པ་རྣམས། །རྒྱལ་བའི་གསུང་རབ་ལས་འབྱུང་གསལ་བར་གསུངས། །ཞེས་གསུངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཚུལ་སྟོན་པ་