[A:༢༨༩]བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། འཕགས་པ་འཇམ་དཔལ་གྱི་བྲིཏ་མ་ལ་སོགས་པ་གསན་ནས་ལེགས་པར་ཁོང་དུ་ཆུད། དེ་དག་གི་དོན་འགྲེལ་པ་ལ་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་མཛད་དེ་རིག་གནས་འདིའི་སྲོལ་ལེགས་པར་ཕྱེ་བ་ཡིན་ཏེ། གཞུང་དེ་ཉིད་དུ། སྔོན་ཆད་གངས་རིའི་ཁྲོད་དིར་མཁས་རྣམས་ཀྱི། །རྣ་བའི་སྣོད་དུ་ཉེ་བར་མ་ལྷུང་ཞིང་། ལྕེ་ཡི་དབང་པོ་ཀུན་ནས་མ་མྱངས་པ། །རོ་བརྒྱའི་འབྱུང་གནས་དཔག་བསམ་ཤིང་འདི་སྐྱེད། །ཅེས་གསུངས་ཤིང་། བསྟོད་པ་མཛད་པས་ཀྱང་། དམར་སེར་རྒྱལ་ལྷའི་ལུགས་ལས་ཁྱད་པར་དུ། །ཡོན་ཏན་བརྒྱད་ཀྱིས་འཕགས་པའི་སྡེབ་སྦྱོར་གཞུང་། བྲྀཏྟ་ཛཱ་ཏིའི་ངོ་མཚར་རྟོགས་བྱེད་ལ། །ཞི་བའི་ཞབས་དང་ཁྱོད་བློ་མཐུན་མོང་གྱུར། །ཞེས་གསུངས་སོ། །
སྙན་ངག་གི་རིག་པ་ནི། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ལ་སྐྱེས་རབས་སོ་བཞི་པ་དང་། གཞོན་ནུ་མ་བདུད་གྱི་རྟོགས་པ་བརྗོད་པ་ལ་སོགས་པའི་སྐྱེས་རབས་ཀྱི་རིགས་དུ་མ་གསན་ཅིང་། པཎྜི་ཏ་སངྒ་ཤྲཱི་ལ་སྙན་ངག་གི་བསྟན་བཅོས་ཆེན་པོ་གསུམ་དང་ཆུང་ངུ་གསུམ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བརྒྱད་པ་དཔག་བསམ་འཁྲི་ཤིང་ལ་སོགས་པ་མཚན་ཉིད་དང་མཚན་གཞི་སྟོན་པའི་བསྟན་བཅོས་མང་དུ་གསན་ཞིང་། ལྷག་པར་དཎྜིའི་ཚིག་རྒྱན་ལ་མཁས་པར་བསླབས་ཏེ། དེ་དག་གི་བརྗོད་དོན་མ་ལུས་པ་མདོར་བསྡུས་པའི་པའི་ཚུལ་གྱིས། མཁས་པ་འཇུག་པའི་སྒོར་གཏན་ལ་ཕབ་པས་རིག་གནས་འདི་ཉིད་ཀྱི་སྲོལ་བླ་ན་མེད་པ་ཕྱེ་བ་ཡིན་ཏེ། བདག་ཉིད་ཆེན་པོའི་གསུང་ལས། འགའ་ཞིག་སྒྲ་དང་རྣམ་པར་དབྱེ་བ་དང་། ཁམས་དང་བྱེད་ཚིག་དཔེ་དང་ཚིག་གི་རྒྱན། །དབྱེ་བསྡུ་གྲངས་དང་གོ་རིམ་ངེས་པ་