[A:༢༩༩]དེ་ནི་འཕགས་པ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བས་གཞི་འགྱུར་དང་འགྱུར་འཆོས་མང་པོ་མཛད། གཅེན་གྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན་ཅིང་། ཁྱད་པར་དུ་དུས་འཁོར་དང་ཐ་སྙད་རིག་པའི་གནས་ལ་མཁས་པའི་སློབ་མ་མང་དུ་ཐོན།
དེ་ལ་ལོ་ཙཱ་བ་མཆོག་ལྡན་དང་། སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་གསན་ལ། ལོ་མཆོག་པ་ནི་མང་མཁར་ཁྲ་ཚང་དུ་སྐུ་འཁྲུངས། འཕགས་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས་རང་ཉིད་ཀྱིས་འདོགས་པར་ཞུས་པ་བཞིན་བཏགས་ལ། ཕྱིས་ལོ་མཆོག་པ་ཞེས་གྲགས། ཤོང་སྐུ་མཆེད་ལས་དབང་རྒྱུད་མན་ངག་གསན། ཀ་ཙན་ལ་སོགས་པ་རིག་གནས་མཐའ་དག་བསླབས། བོད་ན་འགྱུར་རོ་འཚལ་གྱི་དབང་གདམས་ངག་བཀའ་བསྟན་བཅོས་ཕལ་མོ་ཆེའི་ལུང་མངའ་བས། བོད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་བླ་མར་གྱུར། དེའི་སློབ་མ་ནི། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ། ལ་སྟོད་ལྷོ་སྤྱང་ལུང་གི་འོ་འབུ་གྱམ་དུ་མེ་ཕོ་བྱི་བ་ལ་འཁྲུངས། གདུང་དཔང་། ཡུམ་སྔ་མོ་ནས་གྲོངས་ཏེ་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་གྲགས། ཁོ་བོ་བའི་འོ་མས་གསོས་ན་ལེགས་པ་ལ་བླུན་པོ་རྣམས་ཀྱིས་ལུག་གི་འོ་མ་བྱིན་པས་བློ་གྲོས་ཀྱི་ཕྱེད་འགྲིབས་སུ་བཅུག་གསུང་། གྲུབ་ཆེན་ཨོ་རྒྱན་པས་བུ་ཆུང་དེ་ལ་དགེ་བཤེས་ཆེན་པོ་ཞིག་འོང་བས་འདི་བྱིན་གསུང་ནས། ཇ་གསོལ་འཕྲོ་ཞིག་གསོལ་ཞལ་དང་བཅས་པ་བསྐུར།
ལོ་ལྔ་པ་ལ་རྒོད་ཚང་པའི་གདན་ས། བྱང་གླིང་པ་ལས་དགེ་བསྙེན་ནོད། མཚན་བློ་གྲོས་བརྟན་པར་བཏགས།