[A:༣༢༡]ཡང་ལྷང་མཐོང་ལོ་ཆེན་གྱིས་ཀར་ལུགས་ཀྱི་རིག་གནས་ཀྱི་རྒྱུན་ཐམས་ཅད་བཟུང་ཞིང་། ཁྱད་པར་བལ་པོ་ཛ་གད་རཱ་ཛའི་གསུང་རྒྱུན་སྒྲ་རིག་གི་ལེགས་བཤད་མང་པོ་རྗེ་བཙུན་འགྱུར་མེད་བདེ་ཆེན་ལ་སྩལ་བའི་བརྒྱུད་པ་ཡང་ཡོད་དོ། །
ཡང་ལོ་ཆེན་པད་དཀར་བྲང་ཆེན་རབ་འབྱམས་དཔལ་ལྡན་འཇམ་པའི་རྡོ་རྗེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན་ནས་བརྒྱུད་པ་མང་། སྒང་ར་བས་ནི་དཔལ་ཁང་ལོ་ཙཱ་བ་ལ་ཡང་ཀར་ལུགས་བཤད་རྒྱུ་རྫོགས་པ་ཉན་ནོ། ཡང་གྲུབ་ཆེན་གྱི་དབོན་ངག་དབང་ཀུན་དགའ་བློ་གསལ་གྱིས་འབྲུག་ལུགས་ཀྱི་རིག་གནས་སྨྲ་བ་མང་པོ་ལ་གཏུགས་བའི་བཤད་རྒྱུན་ཡང་སྟག་ཚང་ལོ་ཙཱ་བ་ལ་ཡོད་དོ། །
ཡང་སྒྲ་སྙན་ངག་དཔག་བསམ་འཁྲི་ཤིང་གི་བཤད་རྒྱུན་ཟབ་བསྡུས་ཙམ་བསྡུས་ཙམ་ནི་སྙེ་ཐང་བློ་བརྟན་བཞི་པཎ་ཆེན་ཤཱཀྱ་མཆོག་ལྡན། དབོན་ཤཱཀྱ་རྒྱལ་མཚན། ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ནས་བརྒྱུད་པ་ཡང་ཡོད་དོ། །
ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་ནི་སློབ་དཔོན་གང་ལ་ཡང་མ་བརྟེན་ཀྱང་། སྔོན་གྱི་བག་ཆགས་སད་པ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་པས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་ཅིང་། སྤེལ་བར་མཛད་པ་ནི་བརྒྱུད་པའི་མཆོག་ཡིན་ནོ། །
ཅེས་ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བྱེད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་ཞབས་པད་ཀྱི་ཡན་ལག་མཆོག་ཏུ་རེག་པའི་བཀའ་