[A:༣༢༠]སྣ་ཚོགས་གསལ་བ་སྙན་ངག་མེ་ལོང་དང་། །དཔལ་བསམ་འཁྲི་ཤིང་ལ་སོགས་ཐ་སྙད་ཀྱི། །གཙུག་ལག་ཕལ་ཆེར་ཞུས་ཤིང་ནན་ཏན་བྱས། །རང་བཞིན་རྐྱེན་དང་རྣམ་འགྱུར་ལ་སོགས་པ། །དུས་དང་དོན་ལ་འཇུག་ཚུལ་ཅུང་ཟད་ཤེས། །སཾ་སྐྲྀཏ་དང་བོད་ཀྱི་ཀློག་ཚུལ་ལ། །སྔ་རབས་འཆད་ཚུལ་རབ་ཏུ་མང་ན་ཡང་། །སྐྱོན་མེད་འདྲི་དང་བརྗོད་པའི་ཚུལ་ཤེས་པ། །མཁས་པའི་གཙུག་རྒྱན་འདི་ཉིད་བཀའ་དྲིན་ལས། །གཞན་ལ་འཆད་དམ་རང་ཉིད་ཉམས་སུ་ལེན། །ཇི་ལྟར་བྱེད་ཀྱང་ལག་ནོམ་མི་དགོས་ཙམ། །ཞེས་གསུངས་ཤིང་སྤྱིར་མདོ་སྔགས་མཐའ་དག་གི་བསྟན་པ་གསལ་བར་མཛད་ཅིང་། ལྷག་པར་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་སོགས་མཁས་པ་མང་པོ་ལ་རིག་གནས་ཀྱི་བཤད་རྒྱུན་རྒྱས་པར་སྩལ་ཞིང་། དིང་སང་གི་བར་ངུ་ཡང་ངོར་ཕྱོགས་ན་ཤིན་ཏུ་དར་བ་བྱུང་ངོ་། །) རྗེ་བཙུན་སྤྲུལ་པའི་ལོ་ཆེན་རཏྣ་བྷ་དྲས་ཀྱང་། སྤྱིར་མདོ་སྔགས་ཀྱི་བཤད་པ་དང་། སྒོས་རིག་གནས་ལ་ཆེད་རྩོལ་དུ་མཛད་པས། བྱང་ཕྱོགས་འདིར་རིག་གནས་ཀྱི་བཤད་རྒྱུན་ཆེས་ཆེར་དར་ཞིང་། ལྷག་པར་སློབ་མའི་མཆོག་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདུང་འཛིན་ཅིང་། རྒྱ་གར་གྱི་པཎྜི་ཏ་མི་ཏྲི་པའི་སྐུ་སྐྱེ་བ་རྗེ་བཙུན་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་འགྱུར་མེད་བདེ་ཆེན་ནི་སྤྱིར་མདོ་སྔགས་རིག་གནས་ལ་མཁྱེན་པ་ཆེ་ཞིང་། ལྷག་པར་རིག་གནས་ལ་ཕུལ་དུ་ཕྱིན་བའི་བཤད་རྒྱུན་སྤེལ་ཞིང་། བྱང་ཆོས་རྒྱལ་གྱི་ཏི་ཤྲི་མཛད་དེ་དིང་སང་གི་བར་དུ་འགྲོ་དོན་རྒྱ་ཆེན་པོར་བཞུགས་བཞིན་པ་འདི་གའོ། །
དེ་ལ་སློབ་མ་མཐའ་ཡས་ཀྱང་དགེ་བཤེས་སྟག་ཙང་ལོ་ཙཱ་བ་རཏྣ་སེང་གེ་ལ་བཤད་པའི་རྒྱུན་ཆེར་བབས་སོ། །