R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༥
[A:༣༥] སྐོར་བཞུགས་པར་གསལ་ཏེ། མཁན་བུ་སྒྲ་གཅན་ཟིན་འདས་ལོ་ནས་ལོ་བཞི་བརྒྱ་སྐོར་དུ་བྱོན་པས་སོ། རྣམ་པ་གཅིག་ཏུ་ན་འདི་སྐུ་འདས་པའི་ཚུལ་མ་བསྟན་པར་གསལ་ཏེ་གནས་བཅུའི་ནང་ཚན་ཡིན་པས་སོ། འོ་ན་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་མིན་པར་འཇམ་དབྱངས་ས་པན་གྱི་དྲིས་ལན་ལས་བཤད་པ་མིན་ནམ་སྙམ་ན། དྲིས་ལན་དེ་ཉིད་ལས་བརྒྱུད་པའི་སློབ་མ་ལྟ་བུར་བཤད་པ་ནས། རང་རེ་ས་སྐྱ་པ་ཕལ་ཆེར་ཟླ་གྲགསཀླུ་སྒྲུབ་ཀྱི་ཞབས་ཟིན་མ་ཡིན་ཏེ། ཀླུ་སྒྲུབ་སྟོན་པའི་འདས་ལོ་ནས་ལོ་བཞི་བརྒྱ་ནས་བྱོན་ནས་ལོ་དྲུག་བརྒྱ་བཞུགས། ཐོགས་མེད་ལོ་དགུ་བརྒྱ་ནས་བྱོན་ནས་ལོ་བརྒྱ་དང་ལྔ་བཅུ་བཞུགས། དེའི་སྐུ་ཚེ་སྨད་ཀྱི་སློབ་མ་དབྱིག་གཉེན་ཡིན་པ་ལས། ཟླ་གྲགས་ཀྱི་དུས་དབྱིག་གཉེན་ལ་སོགས་པ་ཡང་འདས་ཟིན་ནས་མི་བཞུགས་པར་བཤད་པ་ལས་ཤེས་པའི་ཕྱིར་ཏེ། འཇུག་པ་རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཆོས་སྐྱོང་ལ་སོགས་པས་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཞེས་སོགས་བཤད་པས་སོ། ཞེས་སོགས་སྒྲུབ་བྱེད་ལུང་རིགས་མང་དག་མཛད་ནའང་ཁོ་བོ་ནི་ཟླ་གྲགསཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་པར་སེམས་ཏེ། གསང་འདུས་སྒྲོན་གསལ་ལས། སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱི་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལ་རྙེས་པ༎ ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་པར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད༎ ཅེས་དང་། པཎྜི་ཏ་སྐལ་ལྡན་གྲགས་པས། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ། ཞེས་སྨོས་ཏེ། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་ཀྱི་སློབ་མ་ཉིད་དུ་སོ་སོར་སྟོན་གྱི་བརྒྱུད་པས་ནི་མ་ཡིན་ནོ་ཞེས་སོགས་བཤད་ཅིང་། དོ་ཧ་མཛོད་ཀྱི་ཊིཀ་འགའ་ཞིག་ལས་ཀྱང་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལས་མན་ངག་