[A:༥༩]དར་དང་ཕྱི་དར་གཉིས་ཁོ་ན་ཡིན་ལ། དེ་ཡང་གཙོ་བོར་ཡུལ་དབུས་གཙང་དང་བསྟན་པ་རབ་བྱུང་འདུལ་བའི་བསྟན་པའི་དབང་དུ་བྱས་ཏེ། དར་མས་བསྟན་པ་བསྣུབས་རྗེས། འདུལ་བའི་ལས་ཀྱི་ཆོ་གའི་ལག་ལེན་སོགས་ནུབ་ནས་ཡུན་རིང་དུ་རྒྱུན་ཆད་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་དོན་ཉམས་བཞེས་སོགས་ནི་དངོས་སམ་སྦས་པའི་ཚུལ་གྱིས་རྒྱུན་མ་ཆད་པར་བྱུང་བའི་ཕྱིར་རོ།
འོ་ན་བསྟན་པ་མེད་པ་ལོ་དུ་མ་ཞིག་བྱུང་སྙམ་ན། འདི་ལ་དེབ་སྔོན་ལས། ཁམས་ནས་བོད་ཡུལ་དབུས་སུ་བསྟན་པ་བྱུང་བའི་དུས་མཚམས་ནི།་བུ་སྟོན་རིན་པོ་ཆེས། རྒན་མོ་ཞིག་གི་ངག་གི་རྗེས་སུ་འབྲངས་ནས། ལྕགས་མོ་བྱ་ལ་བསྟན་པ་བསྣུབས་ནས། བདུན་བཅུ་རྩ་གསུམ་པ་ཆུ་མོ་བྱ་ལ་བསྟན་པ་བྱུང་བ་ཡིན་ཞེས་གསུངས་ལ། བསྟན་པའི་གདུང་རབས་ལ་ཤིན་ཏུ་མཁས་པའི་འབྲོམ་སྟོན་པའི་ཞལ་ནས་བདུན་ཅུ་རྩ་བརྒྱད་པ་ས་ཕོ་སྟག་ལ་བྱུང་བ་ཡིན་ཞེས་གསུངས་སོ།
ས་ཕོ་སྟག་ནས་དྲུག་ཅུ་རྩ་ལྔ་པ་ཆུ་ཕོ་རྟ་ལ་ཨ་ཏི་ཤ་བོད་དུ་བྱོན་ཞེས་སོགས་བཤད་མོད། དེ་ནི་བུ་སྟོན་གྱི་གསུང་ལ་ཞིབ་ཏུ་མ་བརྟག་པ་སྟེ། ཆོས་འབྱུང་ལས། དེ་ལྟར་དབུས་གཙང་དུ་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས་དབུས་གཙང་མི་བཅུས་བསྟན་པ་བཙུགས་པ་ཡིན་ཏེ། མི་བཅུས་དབུས་སུ་བྱོན་ཙ་ན། རྒན་མོ་ཞིག་ན་རེ། ང་ལོ་དྲུག་ལོན་པ་ན་བཙུན་པ་མཐོང་ཟེར། ཇི་ཙམ་ལོན་དྲིས་པས་བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ། ཞེས་ཟེར། ཁ་ཅིག་བརྒྱ་རྩ་བརྒྱད་སོང་ཟེར་རོ། ཞེས་ལུགས་བཀོད་པ་ཙམ་མ་གཏོགས། བུ་སྟོན་རང་ལུགས་འདི་ཡིན་གསལ་བར་བཤད་པ་མེད་པའི་ཕྱིར་དང་། ཁྱད་པར་དོན་གསུམ་པ་ཆུ་མོ་བྱ་ལ་བསྟན་པའི་ཐོག་མར་ཅུང་ཟད་ཀྱང་མ་བཤད་