[A:༦༣] ནང་མ་མཐུན་ཏེ་ཕན་ཚུན་འཁྲུག་ལོང་དུ་སོང་བས། ཡུམ་བརྟན་གྱིས་འོད་སྲུངས་སྟོད་ལ་སྤྱུགས་ཟེར་ཏེ། དེ་གཉིས་ཀྱི་ངོ་ལ་དབུས་གཙང་དུ་བསྟན་པ་མེད་ཅིང་། སྐུ་ཚེའི་སྐེད་ཙམ་ལ། མདོ་ཁམས་སུ་གཡོ་སྨར་གཙང་གསུམ་ལ་བརྟེན་པའི་བསྟན་པ་ཅུང་ཟད་བྱུང་བ་ཡིན་ནོ།
དེ་ཡང་བུ་སྟོན་ཆོས་འབྱུང་ལས། བོ་དོང་པ་གཡོ་དགེ་འབྱུང་། འཇེད་(འཇད) ཀྱི་གྱེལ་མི་གཙང་རབ་གསལ། གཡོར་སྟོད་ཀྱི་སྨར་ཤཱཀྱ་མུ་ནེ་དང་གསུམ་དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་ཡོད་པ་ལས། རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ནས་མདོ་ཁམས་སུ་བྲོས་པ་ཡིན་གསུངས། གསུང་ངག་ཆོས་འབྱུང་འགའ་ཞིག་ལས། གྲོམ་པ་རྒྱང་ནས་བྲོས་ཀྱང་ཟེར། དེབ་སྔོན་ལས། དྲང་ཆུའི་མདོའི་གཡོ་དགེ་འབྱུང་། རྒྱ་རབ་པའི་གཙང་རབ་གསལ། གཡོར་སྟོད་ཀྱི་དམར་བན་ཤཱཀྱ་མུ་ནེ་གསུམ་ཟེར་བ་བྱས་འདུག། གང་ནའང་དེ་ལྟ་བུའི་དགེ་སློང་གསུམ། མདོ་ཁམས་རྨ་ལུང་དན་ཏིག་ཤེལ་གྱི་དགོན་པ་ན་བཞུགས་པའི་ཚེ། ལས་དང་སྐལ་བར་ལྡན་པ་བོན་པོའི་རིགས་སུ་སྐྱེས་པ་རྨུ་སུ་གསལ་འབར་ཞེས་བྱ་བ་གཙང་གིས་མཁན་པོ། གཡོས་སློབ་དཔོན་བྱས་ཏེ། རབ་ཏུ་བྱུང་དགེ་ཚུལ་ལོ་ཅིག་ལོན་ནས་སྔར་གྱི་མཁན་སློབ་དང་། སྨར་གྱིས་གསང་སྟོན། རྒྱའི་ཧ་ཤང་ཀེ་ཝམ་དང་ཀེ་བག་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས།
ཀརྨ་དཔའ་བོའི་ཆོས་འབྱུང་ལས་སྨར་གྱིས་མཁན་པོ་བྱས་ཟེར་བའང་སྣང་
འགའ། མཁན་པོ་ཞི་བ་འཚོ་ལས་བསྙེན་པར་རྫོགས་པའི་སད་མི་བདུན་གྱི་ནང་ཚན། དབའ་རཏྣ་རཀྵི་ཞེས་པ་འདི། བོད་ཀྱི་བཙུན་པས་མཁན་པོ་བྱས་པའི་ཐོག་མ་ཡིན་ལ། དེ་ལས་གཡོ་དགེ་འབྱུང་། གཡོས་མཁན་པོ་དང་། གཙང་གིས་སློབ་དཔོན་བྱས་ནས། རྨུ་སུ་གསལ་འབར་བསྙེན་པར་རྫོགས་ཞེས་