[A:༦༥] དབུས་གཙང་མི་བཅུ་སོགས་ལ་བརྟེན་ནས་དབུས་གཙང་དུ་བསྟན་པའི་དབུ་བརྙེས་ཤིང་། བསྟན་པའི་མེ་རོ་སྨད་ནས་བསླངས་ཞེས་བྱ་སྟེ། དེ་ཡང་ཆུ་མོ་གླང་ལ་དཔལ་འཁོར་བཙན་འཁྲུངས། ཁོང་གི་སློབ་དཔོན་ཅང་ཨ་པོ་ཡིན་ཞེས་གྲུབ་ཐོབ་ཨུ་རྒྱན་པའི་རྒྱལ་པོ་རབས་ཕྲེང་ལས་བཤད། ཁོང་གི་ཡབ་འོད་སྲུངས་རང་ལོ་རེ་གསུམ་པ། ཤིང་ཕོ་བྱི་ལོར་གཤེགས་ནས་དཔལ་འཁོར་བཙན་གྱིས། དེའི་ཕྱི་ལོ་ཤིང་མོ་གླང་ནས་བརྩམས་པའི་ལོ་བཅོ་བརྒྱད་རྒྱལ་སྲིད་བཟུང་ནས་སོ་གཅིག་པ་ལ་གཤེགས་ཟེར་རོ།
དེ་ལྟ་ནའང་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་ནས་ལོ་བཅོ་ལྔ་ལོན་པའི་ཚེ། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲི་རྗེ་ཡོན་ཏན་རྫི་དཀར་གཉིས། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོང་གེ་ཤེས་རབ་སེང་གེ་གཉིས་ཏེ་ཆོས་ལ་འཇུག་པའི་སྒོ་ལྟར་ན། དབུས་གཙང་མི་བཞིའམ། བུ་སྟོན་ལྟར་ན་དབུས་ནས་ཀླུ་མེས། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔ། གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག། ཤབ་སྒོ་ལྔ་བ་ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀར་བ་དང་ལྔ་སྟེ་བཅུའམ། ཡང་ན་དབུས་ནས་ཀླུ་མེས་དང་སུམ་པ་གཉིས། གཙང་ནས་ལོ་ཚོང་གཉིས། མངའ་རིས་ནས་བ་ཤི་རྫི་དཀར་བ་གཉིས་ཏེ་དྲུག་གིས་ཁམས་སུ་བྱོན་ཏེ། བླ་ཆེན་གྱིས་མཁན་པོ་དང་། གཙང་དང་གཡོས་ལས་གསང་གི་སློབ་དཔོན་དང་། སྨར་དང་ཧ་ཤང་གིས་དུས་དང་ཁ་སྐོང་སོགས་བྱས་ཏེ། ཚིགས་གསུམ་བར་མ་ཆད་དུ་ཆིག་རྫོགས་བྱས་ནས་སྡོམ་པ་བླངས། སླར་དབུས་གཙང་དུ་བྱོན་ཏེ།