[A:༧༠] དེ་བཞིན་དུ་གཙང་དུ་ཡང་། ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་གི་གཙུག་ལག་ཁང་བཞེངས། རྒྱ་ཤཱཀྱ་གཞོན་ནུ་སོགས་མཁན་པོ་ཉི་ཤུ་རྩ་བཞི། སྟབས་ཅིག་ཏུ་རབ་བྱུང་བསྙེན་རྫོགས་བྱས་སོ།
དེ་དག་གི་ནང་ཚན་རྒྱ་ཤཱཀྱ་གཞོན་ནུས་ལས་སྟོད་དམར་ལ་ཐང་བརྩིགས་སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་། ཨ་མེས་ཞུ་ཅིག་མས་འཕྲང་དང་བྲག་དམར། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་བརྩིགས་པ་སོགས། མདོར་ན། ས་མོ་བྱ་དེ་ནས། ལོ་ཆེན་རིན་བཟང་མ་བྱོན་བར་དུ། དབུས་གཙང་གི་མི་བཅུ་སློབ་བུ་དང་བཅས་པས་གནས་གཞི་གཙུག་ལག་ཁང་སོ་སོར་བརྩིགས། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས། བསྟན་པ་བཤད་སྒྲུབ་ཀྱི་གཞི་བཏིང་བ་ནི། བསྟན་པ་ཕྱི་དར་ཞེས་སྤྱིར་བཏང་ལ་ཡོངས་སུ་གྲགས་པ་སྟེ། དོན་འདི་ལ་དགོངས་ནས་ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་འདས་པའི་ཚེ་བསྟན་པ་ཕྱི་དར་གྱི་མགོ་བཟུང་བ་ཡིན་ནོ། ཞེས་མཁས་པ་དག་གིས་བཤད་པ་ཡིན་ལ། དེ་ཡང་བསྟན་པའི་རྩིས་དང་སྦྱར་ན། འདས་ལོ་ནས་སུམ་སྟོང་བརྒྱད་ཅུ་རྩ་གཅིག་འདས་པའི་གྱ་གཉིས་པ་ས་མོ་བྱ་
སྤྱི་ལོ་༩༤༩
ལ་བསྟན་པ་ཕྱི་དར་བྱུང་ཞིང་། ས་མོ་བྱ་དེ་ནས་དྲུག་བརྒྱ་དང་བཅུ་བདུན་འདས་པའི་བཅོ་བརྒྱད་པ་ནི། ད་ལྟའི་ཤིང་བྱི་འདི་ལགས་སོ།
གསུམ་པ་བསྟན་པ་ཕྱི་དར་ཤིན་ཏུ་དར་བ་ནི། རྒྱལ་པོ་སྟོད་ཀྱི་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ཡིན་ཏེ། དེ་ཡང་ཁྲི་བཀྲ་ཤིས་བརྩེགས་དཔལ་གྱི་སྲས་ནི། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེའོ།
སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ནི། ལྡེ་གཙུག་མགོན། བཀྲ་ཤིས་མགོན། དཔལ་གྱི་མགོན་དང་གསུམ་མོ།