[A:༦༩]རྒྱ་མཚོ་སྟེ་གཞད་སྲགས་གཉིས་དང་། ཟོང་མཆོག་ཆོས་སྐྱོང་དང་འཚུར་ཤེས་རབ་མཆོག་གཉིས་ཏེ་ཟོང་འཚུར་གཉིས་དང་བཅུ་བྱུང་། འཚུར་ལ་མི་བཅུས་སྡོམ་པ་བླངས་ཞེས་བཤད་དེ། དེ་རྣམས་དཔོན་བི་ཡིག་ཆ་ལྟར་བྲིས་ཞེས་ཟེར་རོ། གང་ནའང་དབུས་གཙང་ན་བསྟན་པ་མེད་པའི་ཚེ་ཡང་། ཤར་མདོ་ཁམས་སུ་དབུས་གཙང་ནས་བྲོས་པའི་དགེ་བའི་བཤེས་གཉེན་དག་གིས་བསྟན་པའི་བྱ་བ་ཅུང་ཞིག་བྱས་པར་སེམས་སོ།
གཉིས་པ་བསྟན་པའི་སྲོལ་བཏོད་པ་ནི། དཔལ་འཁོར་བཙན་གྱི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་སྟོད་སྨད་དུ་སོ་སོར་གྱེས་ཙམ་གྱི་སྐུ་རིང་ལ། ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་འདས་པའི་དགུ་པ་ས་མོ་བྱའི་ལོ་ནས་བརྩམས་ཏེ། དབུས་གཙང་མི་བཅུས། གཙུག་ལག་ཁང་སོ་སོར་བརྩིགས། རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་གསར་དུ་བཙུགས་པ་ནི། བསྟན་པ་ཕྱི་དར་གྱི་སྲོལ་བཏོད་པ་སྟེ། དེ་ཡང་ས་མོ་བྱའི་ལོ་ཀླུ་མེས་ཀྱིས། ལ་མངོར་(མོར) གྱེལ་གྱི་གཙུག་ལག་ཁང་བརྩིགས། དེའི་ཕྱི་ལོ་གླན་ཡེ་ཤེས་འབར་དང་། རྔོག་བྱང་ཆུབ་འབྱུང་གནས་སོགས་རབ་ཏུ་བྱུང་། དེའི་ཕྱི་ལོ་ཡེར་པ་བ་རེང་བཟུང་། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་སོགས་བཅོ་བརྒྱད་རབ་ཏུ་བྱུང་། གླན་རྔོག་གྲུ་མེར། སྣ་རྣམ་རྡོ་རྗེ་དབང་ཕྱུག་དང་བཞི་ལ་ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིར་གྲགས། ཀླུ་མེས་ཀྱི་སློབ་བུ་རྣམས་ཀྱིའང་གཙུག་ལག་ཁང་སོ་སོར་བརྩིགས་ཏེ། སྣ་རྣམ་རྡོ་རྗེ་དབང་ཕྱུག་གིས་རྒྱལ་ལུགས་ལྷས། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་གཞུ་ཀུན་དགའ་ར་བ། གྲུ་མེར་སོགས་བནྡེ་མི་ཕྱེད་དང་བརྒྱད་ཀྱི་སོལ་ནག་ཐང་པོ་ཆེ། གྲ་པ་མངོན་ཤེས་ཀྱིས་གྲ་ཐང་བརྩིགས་སོ།