R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༥
[A:༧༥] འབྲོག་མི་ནས་བརྒྱུད་པའི་ལམ་འབྲས། མར་པ་ནས་བརྒྱུད་པའི་བཀའ་བརྒྱུད། འབྲོམ་ནས་བརྒྱུད་པའི་བཀའ་གདམས། དམ་པ་ནས་བརྒྱུད་པའི་ཞི་བྱེད། ཁྱུང་པོ་ནས་བརྒྱུད་པའི་ནི་གུ། རྨངས་ར་སེར་པོ་ནས་བརྒྱུད་པའི་ཕོ་གཅོད། མ་གཅིག་ནས་བརྒྱུད་པའི་མོ་གཅོད་སྐོར་དང་བཅས་པའི་ཕྱི་དར་ཉིད་ལ་ལྷག་ཏུ་འཕེལ་བའི་གདམས་པའི་སྒོ་ཆེན་པོ་དྲུག། ལོ་ཆེན་ནས་བརྒྱུད་པའི་ཡོ་གའི་ཆོས་སྐོར་དང་བཅས་པ་བདུན་དར། གཞན་ཡང་བདེ་ཀྱེ་གསང་གསུམ། དུས་འཁོར་འཇིགས་བྱེད་དེ། བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་ལྔའི་རྒྱུད་བཤད་མན་ངག་ཁྲིད་རིམ་སོགས་དེང་སང་བོད་ན་གྲགས་པའི་ཕལ་པོ་ཆེ་ཞིག་དུས་དེ་ཙམ་ནས་བརྩམ་སྟེ་དར་བ་ཡིན་ནོ། ཞེས་ཁོང་དུ་ཆུད་པར་བྱའོ། དེ་ཡང་སུམ་སྟོང་བརྒྱ་པའི་སྐབས་སུ་ཐོག་མར་བྱོན་པའི་མཁས་པ་ཆེན་པོ་བཀའ་དྲིན་ཆེ་བ་ནི། ལོ་ཆེན་རིན་ཆེན་བཟང་པོ་སྟེ། སུམ་སྟོང་བརྒྱ་དང་གསུམ་དུ་སླེབ་པའི་ལྕགས་ཕོ་རྟ་
སྤྱི་ལོ་༩༧༠
ལོར། ལོ་ཆེན་རིན་ཆེན་བཟང་པོ་བལྟམས། ལོ་འདི་ཕྱི་དར་ས་མོ་བྱ་ནས་ཉེར་གཅིག་འདས་པའི་ཉེར་གཉིས་པ་ཡིན། འདི་ནས་དེང་སང་བར་ལ་ལྔ་བརྒྱ་དང་གོ་ལྔ་ལོན་ནོ།
ལོ་ཆེན་འདི་ལ་སློབ་མ་མང་དུ་ཡོད་ཀྱང་། ལོ་ཆུང་ལེགས་པའི་ཤེས་རབ། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲབ་པ་གཞོན་ནུ་ཤེས་རབ། གྱི་ནོར་ཛྙཱ་ན་དང་བཞི་ལ་ཐུགས་ཀྱི་སྲས་བཞི་ཟེར། པུ་རངས་པ་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། དགུང་པ་དགེ་བཤེས། མར་ཡུལ་བ་དཀོན་མཆོག་རྩེགས་བཞི་ནི། ལོ་ཆེན་དང་ལོ་ཆུང་གཉིས་ཀའི་སློབ་མ་ཡིན།