[A:༧༦] མྱང་སྟོད་རྐྱང་པོ་སྤེ་དམར་གྱི་རྐྱང་པོ་ཆོས་བློན། ཤངས་ཀྱི་སུམ་སྟོན་ཡེ་འབར། མྱང་སྟོད་ལྕེ་གཞེར། སྤང་ཁ་དར་ཆུང་གི་གཞོན་ནུ་རྒྱ་མཚོ་བཞི་ནི་གཙོ་ཆེར་ལོ་ཆུང་གི་སློབ་མ་ཡིན།
རྔོག་གེ་སར་དང་། ཟངས་དཀར་འཕགས་པ་ཤེས་རབ་གཉིས་ནི་ལོ་ཆུང་ཁོང་གི་སློབ་མ་ཡིན་ནོ།
གཉལ་པ་ཉི་མ་ཤེས་རབ། སྨོན་འགྲོའི་མར་པ་རྡོ་ཡེ། མཉན་སྟོན་ཚུལ་འབར། སྤང་ཚང་པ་སེང་གེ་རྒྱལ་མཚན་བཞི་ལ་ཟངས་དཀར་གྱི་བུ་བཞི་ཟེར་རོ།
བསྣུར་ཉི་མ་འོད་ཟེར་ནི། མཉལ་པ་ཉི་མ་ཤེས་རབ་ཀྱི་སློབ་མ་ཡིན།
གླན་ཆོས་འབྱུང་། རྩ་སྐྱ་དཀོན་མཆོག་གྲགས། དམར་ཆོས་རྒྱལ། སྒང་སྟོན་ཤེས་རབ་འབུམ་བཞི་ནི་བསྣུར་གྱི་སློབ་མ་ཡིན་ཏེ། དེ་དག་གིས་གཙོ་བོར་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་སྤེལ་ལོ།
དེ་ལྟ་བུའི་ཡོ་གའི་བརྒྱུད་པ་ལ། ཡོ་ག་སྟོད་ལུགས་དང་། སྨད་ལུགས་ཞེས་གཉིས་སུ་གྲགས་ཏེ། ལོ་ཆེན་གྱི་སྐུ་ཚེའི་སྟོད་ལ། སངས་རྒྱས་ཞི་བ་ལ་གསན་པའི་ཡོ་གའི་ཆོས་ལུགས། ས་ཆ་སྨད་དབུས་གཙང་དུ་དར་བ་ཡོ་ག་སྨད་ལུགས་དང་། སྐུ་ཚེའི་སྨད་ལ་དྷརྨ་པཱ་ལ་ལ་གསན་པའི་ཡོ་གའི་ཆོས་ལུགས། སྟོད་མངའ་རིས་སུ་དར་བ་ལ་ཡོ་ག་སྟོད་ལུགས་ཞེས་འཇོག་པས་སོ།
འདི་ལ་མཁས་མཆོག་རྡོ་རྗེ་རྒྱལ་མཚན་གྱིས་གཞན་ཕན་འཁྲུལ་སེལ་ལས། ཤྲདྡྷ་ནས་བརྒྱུད་པའི་ཁ་ཆེན་མཁན་པོའི་ལུགས་དང་། དྷ་རྨ་པ་ལ་ལ་གསན་པའི་རྒྱ་གར་ཤར་ཕྱོགས་པའི་ལུགས་ཞེས་པའི་ཐ་སྙད་འཐད་ཀྱི་ཡོ་ག་སྟོད་ལུགས་