R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡བ-༢༡༢
[A:༡༡བ-༢༡༢]ཀྱི་གཙུག་ལག་ཁང་དུ་སྔར་གྱི་མཁན་པོ་དང། ལས་སློབ། གསང་སྟོན། དུས་སྒོ། ལས་ཀྱི་ཁ་སྐོངས་དད་པའི་དགེ་འདུན་གྲངས་ཚང་བ་དང་བཅས་པའི་དབུས་སུ། ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་དངོས་པོར་མཛད་དེ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་རྫོགས་པར་བསླབས། ལྟུང་བའི་གནས་ཤིན་ཏུ་ཕྲ་མོ་དང་ཡང་ཞག་ཏུ་མི་འགྲོགས་པར། བསླབས་པ་རིན་པོ་ཆེ་སྤྱན་འབྲས་ལས་ཀྱང་གཅེས་པར་བསྲུངས་པས་བསྟན་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཏེ། འདུལ་བ་འཛིན་པ་རྣམས་ཀྱི་གཙུག་རྒྱན་དམ་པར་བཞུགས་ནས། ཕྱིསགངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ། །རབ་ཏུ་བྱུང་བ་དགེ་ཚུལ་དང་དགེ་སློང་ལ་སོགས་པ་གྲངས་མེད་པའི་མཁན་པོར་བཞུགས་པ་ཡིན་ཏེ། དེ་ལྟར་ཡང་གསུང་ལས། ཆུང་གཉེན་བྱེད་ཅེས་སྨྲ་བ་བྱུང་ན་ཡང། །སེམས་ནི་རབ་ཏུ་བྱུང་ལ་དགའ་བ་སྐྱེས། བཅུ་བཞི་ལོན་པའི་ཤིང་ཕོ་སྤྲེའུ་ལོ་ལ། ཡན་ལག་འབྱུང་སྤྲུལ་རབ་འབྱོར་སེང་གེའི་དྲུང་། །རབ་བྱུང་དགེ་ཚུལ་སྡོམ་པ་ཚུལ་བཞིན་མནོས། །ཕྱག་རྡོར་རྣམས་སྲས་ཞི་བའི་རྗེས་གནང་དང། །ཟབ་མོ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ། །དབང་བསྐུར་རྣམ་སྣང་རྡོ་རྗེར་མིང་ཡང་བཏགས། བཀའ་བཅུ་འཛིན་པ་བཀྲ་ཤིས་ཆོས་གྲུབ་ལ། །བརྟེན་ནས་འདུལ་བ་མདོ་རྩའི་གཞུང