R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༧བ-༤༢༤
[A:༡༡༧བ-༤༢༤] ལ་བླ་མའི་རྣལ་འབྱོར། སྐུ་འཕོ་མེད་ཀྱི་འགྲེལ་བཤད་དང་བཅས་པ་གནང། དགེ་འདུན་རྣམས་ཀྱི་ཁྲོད་ནས་བགྲེས་པོ་སྐུ་ཡོན་གྱིས་བརྒྱན་པ་ཞིག་བཞེངས་ཏེ། ཚེ་གཅིག་གི་ཉམས་ལེན་ཐམས་ཅད་གཏན་ཐོག་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་ཆོག་པ་ཅིག་ཐུགས་ལ་བདགས་དགོས་ཤེས་ཞུས་པ་ལ ། ཕྱག་རྒྱ་ཆེེན་པོའི་ངོ་སྤྲོད། བརྗོད་བྱའི་དོན་ཤིན་ཏུ་རྒྱས་ཤིང། བརྗོད་བྱེད་ཀྱི་ཚིག་ཤིན་ཏུ་བསྡུས་པ། ཀུན་གྱིས་མི་གོ་བ་མེད་ཅིང། ཉམས་སུ་ལེན་ནུས་པ་སྩལ་བའི་ཚེ། ཐམས་ཅད་ལ་རྡོགས་པ་ཁྱད་པར་ཅན་རང་རང་སོ་སོའི་སྐལ་བ་དང་མཐུན་པར་ཉམས་སུ་མྱོང་ཞིང། གསུང་དཔང་ཆེར་མཐོ་བ་མེད་རུང་རྒྱང་རིང་པོ་ན་གནས་པ་དག་གིས་ཀྱང་ཐོས་ཏེ་གོ་བར་གྱུར་བས། བགྲེས་པོ་དེ་ཉིད་སླར་ཡང་གྱུས་ཤིང་འདུད་པས། ཁོ་བོ་ན་སོ་འདི་ལྟར་སོང་ནས། ཡོངས་འཛིན་དམ་པ་ཁྱེད་དང་མཇལ་ཞིང་གདམས་པ་ཟབ་མོ་ཐོབ་པ་ནི་སྔོན་ཚོགས་བསགས་པའི་མཐུ་ཁོ་ན་ལགས་ཤེས་གསོལ་བས། དགེ་འདུན་ཐམས་ཅད་རྗེས་སུ་ཡི་རངས་པར་གྱུར། དེ་ནས་རིམ་པས་སྒྱེར་སྟོད་སྨད་སོགས་རྒྱུད་ཐེགས་དུབ་ལམ་བར་ཞག་པ་གང་བབ་དུ་བསྙེན་བཀུར་རྒྱ་ཆེན་པོ་འབུལ་བ་དང། ཁྲོམ་ཆེན་པོ་འཚོགས་པའི་བྱིན་ཆོས་ཞུ་བ། འབྲེལ་བ་ཅན་གྱི་གསོན་གཤིན་རྣམས་ལ་བསྔོ་ཞུས་པ་མང་དུ་འདུས་པ་ལ། རྗེ་དྲུང་གིས། རང་རང་གི་བསམ་པ་ཇི་ལྟ་བ་བཞིན་གྱི་ཆོས་འབྲེལ་གྱི་མཐར། འགྲོ་བ་གང་གིས་བདག་མཐོང་ཐོས་པ་དང་།།