R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༦བ-༥༠༢
[A:༡༥༦བ-༥༠༢] པར་གནང་བའི་མཐར། རྗེ་ཉིད་ཀྱིས། ད་མི་དབང་ཆེན་པོ་ཁྱེད་ཀྱིས་ཆོས་ཕྱོགས་ནས་ཐུགས་དམ་གྱི་གཙོ་བོ་ལམ་དུས་དང། གཞན་ཡང་ད་ལྟ་གང་གནང་བའི་རིམ་པ་རྣམས་མ་ཆག་པར་གནང་བས་ལེགས་པོ་ཡོང་བ་ཡོད་པས་དེ་རྣམས་གར་བབ་དུ་བབས་སུ་མ་སོང་བར་ཐུགས་རྩོལ་གྱིས་ཐོན་པར་མཛོད། གཞན་བླ་མ་སློབ་དཔོན་གྲ་པ་བརྒྱ་བསྐོར་ཡོད་པས་ཀྱང་སངས་རྒྱས་ཀྱི་བསྟན་འཛིན་ཆེན་པོ་ཡིན་ཐེར་བའི་ཚོད་ན། ཁྱེད་མི་རྗེ་ཀུན་གྱི་བསྟན་པ་དང་བསྟན་འཛིན་གུས་པས་མཆོད་ཅིང་སངས་རྒྱས་ཀྱི་བསྟན་པ་ཐུགས་ཕུགས་སུ་བཅུག་ནས་མཐའ་ཡས་པའི་འགྲོ་བའི་དགེ་བའི་ལས་ལམ་བླ་ན་མེད་པ་ལ་སྦྱོར་བ་སོགས་བསྟན་པའི་ཞབས་འདེགས་རྒྱ་ཆེན་པོ་སྒྲུབ་པར་ནུས་པས་ན། བསྟན་འཛིན་གྱི་གཙོ་བོ་ཆོས་རྒྱལ་སེམས་དཔའ་རྣམས་ཡིན་པས་ན་མི་རྗེ་ཁྱེད་ཀྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་གཟུང། དགེ་འདུན་གྱི་སྡེ་ཆོས་ལྡན་དུ་སྐྱོངས། ཡུམ་ཡང་དཀོན་མཆོག་བཞི་པ་ཡིན་པས་བཀའ་ལས་མི་འགོང་བར་ཞབས་ཏོག་གིས་རྣམ་པ་ཀུན་དུ་མཉེས་པར་མཛོད། མངའ་འབངས་སུ་གཏོགས་པ་ཐམས་ཅད་ཀྱང་བྱམས་པའི་ཐུགས་ཀྱིས་མཉམ་སྙོམས་པར་སྐྱོང་བ་དང། ཁྱད་པར་ཁྱེད་ཡར་རྒྱབ་གོང་དཀར་བའི་ཞལ་ངོ་འདི་རྣམས་ཐུགས་མཐུན་པ་རང་ཅིག་གལ་ཆེ་བས་ཁྱེད་རང་སྐུ་མཆེད་གཉིས་ཐུགས་ཡིད་གཅིག་ཏུ་བསྲེ་བ་གཙོ་བོར་ཞུ་ཞིང་།