R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༤བ-༥༡༨
[A:༡༦༤བ-༥༡༨] ལྟར་བརྩེ་བའི་ཐུགས་རྗེའི་གཟིགས་པ་དུས་ལས་མི་ཡོལ་བའི་དབང་གིས་མཚན་མོའི་ཐ་ཐམས་ཅད་དུ་ཆར་པའི་རྒྱུན་ཆེན་པོ་བབ་ཅིང། ཉིན་མོའི་ཆ་ཐམས་ཅད་དུ་སྤྲིན་མུ་ཏིག་གི་ཕྲེང་བ་མཚར་དུ་དངར་བ་རྣམས་ཀྱང། ས་འཛིན་གྱི་ཕྲེང་བ་བསྒྲིགས་པ་དག་གི་མགུལ་བར་འཁྱུད་ཅིང། དེ་དག་གི་བར་ནས་ཁ་དོག་སྣ་ཚོགས་པའི་འཇའ་ཚོན་ཕུང་ཕུང་དུ་གྱུར་པ་ནི་རྨ་བྱའི་མགྲིན་པ་ལྟར་རྣམ་པར་བཀྲ་བར་གྱུར་ལ། ནམ་མཁའི་ཁྱོན་ཨིནྟྲ་ནཱི་ལའི་ཞུན་མས་བྱུགས་པ་ལྟར་དྲི་མས་དབེན་ལ་མེ་ཏོག་གི་ཆར་ཆེན་པོས་ཁེབས་པ་ལས། སྐྱེ་བོ་ལ་ལ་དག་གིས་མེ་ཏོག་གི་ཁྱོན་ཕུབ་ཙམ་འཁོར་ཞིང་འབབ་པ་ཡང་མཐོང་ཞེས་གྲགས་གོ །དེ་ནས་གནམ་གང་གི་ཉིན་མོར་བྱེད་པ་ཐུན་ཐ་མ་ལ་བབ་པའི་ཚེ། མིའི་དབང་པོ་དགེ་བསྙེན་རྡོ་རྗེ་འཛིན་པ་ཀུན་དགའ་བསོད་ནམས་རྒྱལ་པོ་དང། ས་སྐྱོང་བའི་དབང་པོ་དགེ་བསྙེན་རིན་ཆེན་ཕུན་ཚོགས་སྐུ་མཆེད་བཞུགས་གདན་གྱི་གཙོ་བོར་ཕེབས་ཏེ། གདུང་རིན་པོ་ཆེ་ལ་ཞུགས་ཀྱི་མཆོད་པ་འབུལ་བར་བརྩམས་པ་ན། ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་པདྨ་འདབ་མ་བཞི་པའི་དབྱིབས་ཅན་གཡས་ཕྱོགས་སུ་འཁོར་བཞིན་པས་རང་བྱུང་དུ་འབར་བའི་སྒྲ་ཆེན་པོས་ཕྱི་རོལ་ན་འཁོད་པའི་དད་ལྡན་རྣམས་ཀྱི་རྣ་བའི་དབང་པོར་ཚིམ་པ་དང། དེའི་ཚེ་ནམ་མཁའ་ནས་མེ་ཏོག་གི་ཆར་ལྷག་པར་ཆེ་བ་བབས་པ་ན། ཐ་མལ་པའི་བྱིས་པ་དག་གིས་ཁ་བ་བབ་པར་འཁྲུལ་ཏེ། ནམ་ཟླ་ད་ལྟའི་དུས་སུ་ཁ་བ་ཆེན་པོ་བབ་པ་འདི་ཅི་ལྟ་བུ་