R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༥ན-༥༡༩
[A:༡༦༥ན-༥༡༩] ༄༅། །ཡིན་ཞེས་གླེང་བ་དང། ག་པུ་དང། གུར་ཀུམ་དང། ཙན་དན་དང ། ཨ་ཀ་རུ་དང། རུ་རུ་སྐ་དང། སི་ཧ་ལ་ལ་སོགས་པའི་དྲི་ཐམས་ཅད་ལས་ཀྱང་རྣམས་རྣམ་པར་རྒྱལ་བའི་དྲི་བསུང་གིས་ཕྱི་ནང་ཡུལ་ལྗོངས་ཐམས་ཅད་དུ་རྣམ་པར་གང་བ། བསམ་གཏན་ལ་ཆགས་པའི་མཉམ་པར་བཞག་པ་རྣམས་ཀྱང་ཏི་ངེ་འཛིན་ངང་གིས་འཕེལ་བའི་རྡོ་རྗེའི་བདུག་སྤོས་ཀུན་དགར་འཐུལ་བ་ན། སྦྱར་བ་དང་ཡོངས་སུ་གྱུར་བའི་དྲིའི་མཆོད་པ་བཤམས་པ་དག་ཕལ་པའི་ངད་ལྡང་བར་གྱུར་པས། ཀུན་ཕྱི་རོལ་དུ་འདོར་དགོས་པ་དང། ཡང་སྐལ་བ་བཟང་པོ་ཅན་དག་གིས་གདུང་ཕྱག་ན་རྡོ་རྗེར་གཟིགས་པ་དང། ཁ་ཅིག་གིས་མཆོད་པའི་ལྷ་མོ་མར་མེ་ཐོགས་པ་མཐོང་བ་དང། ལ་ལ་དག་ལ་རྣམ་རྒྱལ་མཆོད་རྟེན་གྱི་རྣམ་པར་ཤར་ཞིང། དེར་བཞུགས་པ་བྱིན་གྱིས་དག་པའི་སྣང་བ་མཐུན་པར་གདུང་པདྨ་དཀར་པོ་འདབ་མ་བཞི་པ་ལ་སོགས་པས་ཕྲ་ཚོམས་བཏབ་པ་ལྟར་བལྟམས་པར་གྱུར་པ་ནི་མངོན་དུ་གྱུར་ལ། ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་པ་ཆེན་པོས་ནི་གདུང་ཁང་གི་ནང་དུ་པདྨ་རབ་ཏུ་རྒྱས་པའི་མེའི་དབུས་ན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་གཟི་མདངས་མཆོག་ཏུ་འབར་བར་བཞུགས་པའི་རྣམ་པ་གསལ་བར་གཟིགས་པའི་མོད་ལ། ཐུགས་ཉམས་འུར་ལངས་པའི་ཚེ། དྲི་བཟང་པོའི་ངད་པ་ཆིལ་ཆིལ་ལོང་ལོང་པོར་གྱུར་པའི་ཤུགས་ཀྱིས་དེར་གདན་འཁོད་པ་ཐམས་ཅད་ཀྱང་