R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༣བ-༢༣༦
[A:༢༣བ-༢༣༦] སྦྲེལ། འཕྲལ་གྱི་མཐུན་རྐྱེན་རྣམས་ཆོས་མཛད་སྐུ་མཆེད་པས་གནང་སྟེ། གྲྭ་སྐོར་ལ་ལྷན་དུ་ཐེགས་པ་ལེགས་ཞུས་པ་ན། རང་རྒྱུད་ལ་ཕན་ཞིང་སེམས་ཅན་གྱི་དོན་དུ་འགྱུར་ན་ཐོས་བསམ་ལ་འབད་པའི་འབྲས་བུར་འདུག། དེ་བས་གཞན་དུ་ལོ་འདོད་དང་གྲགས་འདོད་ཀྱིས། དགེ་འདུན་གྱི་དབུས་སུ་གྲ་སྐོར་ལ་ཕྱིན་རུང་དགོས་པའི་དོན་ཅི་ཡང་མི་འདུག་དགོངས་ཏེ་ཐེགས་པ་བཤོལ་བས། མཁས་པའི་དབང་པོའི་གསུང་གིས། བསྟན་ཅིག་པ་ཆོས་གྲུབ་པ་འདི་སྡེ་སྣོད་ཀྱི་པོད་ཆེན་བཅུ་གཉིས་ཙམ་ལ་ཊཱི་ཀ་གཞུང་ལ་ལྟོས་མི་དགོས་པར་བཤད་ཐུབ་པ་ཡིན་ནའང། གྲ་སྐོར་སོགས་ནི་མི་བཞེད་འདུག་པ། སྐབས་འགའ་ཞིག་ན་དགེ་འདུན་གྱི་སྡེ་དུང་གི་བསྡུས་ནས་རྫུན་གྱི་འཁོར་ལོ་བསྐོ་བར་ཡང་མི་འགྲོ་བའི་ངེས་པ་མི་འདུག་པས་ཤིན་ཏུ་ཐུགས་མད་པར་འདུག ད་ཁོ་ཙམ་གྱི་ལུང་རིག་གི་སྐུ་ཡོན་ལ་འོས་ཤིང་རིགས་པས་བཀའ་བཅུ་འཛིན་པར་མཚན་གསོལ་ཞིག་དགེ་འདུན་གྱི་དབུས་སུ་དཀའ་བའི་གནས་ཀྱི་པོད་ཆེན་རྣམས་ཀྱི་བདག་ཉིད་དུ་མངའ་གསོལ་བས། ལུང་རིག་སྨྲ་བ་རྣམས་ཀྱིས་བཀུར་བསྟོད་ཀྱི་གནས་སུ་གྱུར་ཏོ། ། དེ་ལྟར་ཡང་གསུང་ཚིགས་སུ་བཅད་པ་ལས། བཀའ་བཅུ་འཛིན་པ་བྱང་ཆུབ་ཆོས་གྲུབ་ཀྱིས། །སྦྲེལ་ནས་ཕར་ཕྱིན་བློ་གསར་གྲལ་སྐོར་བྱས། གྲུབ་ཐོབ་ལྕགས་ཟམཀུན་སྤངས་གསེར་མཆོག་དང། མཁས་གྲུབ་ཆེན་པོ་ཡོན་ཏན་སྙིང་པོ་ལས། །དབང་དང་རྗེས་སྣང་ཕྲན་ཚེགས་འགའ་རེ་ཐོབ།།