R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༥ན-༢༣༩
[A:༢༥ན-༢༣༩] ༄༅། །ཕེབས། གནས་ཚང་པའི་ཐུག་པ་ཁོལ་ནས་བཤོས་ཁུང་ཕུལ་བྱུང་བས། ངེད་རྒོངས་ཟ་ཞིང་མེད་གསུངས་པས། འོ་ན་གསོལ་ཐུག་བཞེས་སམ་ཟེར། ཐུག་པ་ཡང་འཐུང་གི་མེད་གསུང། དེ་ནུབ་བཞུགས། སང་ཤིན་ཏུ་སྔ་བར་ཐེགས་པས་ཟམ་གདོང་སྒང་དུ་ཕེབས་པ་དང། གདུན་དུང་བྱུང་བས་བྲོད་ཁ་སྐྱེས་ཀྱང། སྐུ་ངལ་དུབ་དབང་གིས་ཐེགས་པ་ཆེར་མ་བྱུང། དེ་དུས་རིན་པོ་ཆེ་ཡོན་རྒྱམ་པའི་ཞ་སྟ་དང་ཞལ་ཆུང་པ་ཇོ་སྟན་ཆོས་འབྱོར་བ་ཁྱོད་ཀྱི་འདུག་པ། ཉུང་ཇ་ཙམ་ལ་གདན་དྲངས་ཁྱེད་ལ་ཇ་འདྲེན་པ་ཁ་ལན་ཡོང་རེ་བ་མིན། བསྟན་འཛིན་གྱི་དགེ་བའི་བཤེས་གཉེན་ཡིན་པས་དྲངས་པ་ལགས་གསུང། འཚེར་བའི་ཁར་ཡང་འཚེར་བསྣན་པ་འདྲས་བྱུང། དེ་ནསཚོགས་སུ་ཞག་ཅིག་བཞུགས། སང་ཉིན་གདན་བཞེས་གྲོལ་ནས་རིན་ཆེན་སྤུངས་པར་ཐེགས་པས། མཁན་ཆེན་རིན་པོ་ཆེ་སྤེལ་གྱི་ཐོག་ཁར། ཐུགས་དམ་གསིལ་གཏོར་གནང་བའི་རྗེས་སུ་ཅུང་ཟད་མནལ་བ་དང་ཐུག་པས། ཨ་ནེ་དབོན་མོས། རྗེ་རིན་པོ་ཆེ་ལགས་ཤེས་ཞུས། ཨཱཿ གསུང་གི་འདུག་པ་ལ། བཀའ་བཅུ་བ་ཆོས་གྲུབ་ཕེབས་འདུག་ཞུས་པས། དཀའ་བཅུ་བ་ཆོས་གྲུབ་ཨཱཿ ་ག་ན་གསུང་། སྤྱན་གཟིགས་བྱུང་བས། རས་ཁ་གང་པོ་ཕུལ་བྱིན་རླབས་ཞུས་ཏེ། ཟབ་མོའི་རིམ་པ་ལས་མི་གཡོལ་བར་སྐུ་བདེའམ་ཞུས་པས། ངེད་ཁམས་བདེ། ཁྱོད་རང་ཁམས་བདེ་ཞིང་ཐོས་བསམ་འཕེལ་བར་བྱུང་ལ་ཆེ་གསུང་བ་སོགས་ཀྱི་ཞུ་