[A:༡༧༡]ཡ་ན་ཡི། །ཡིད་འོང་ལག་འགྲོ་ཕོ་མོ་མཁའ་ལ་སྤྱོད། །རྡོ་རྗེ་ཐེག་པའི་གླེགས་བམ་བྱེ་བ་བརྒྱ། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པ་སྙམ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཕྱོགས་ཁ་བས་བསྐོར་བའི་སྨན་ལྗོངས་སུ། །རིགས་རུས་ཆོ་འབྲང་ལྡན་པར་སྐུ་འཁྲུངས་ནས། །རྡོ་རྗེ་འཆང་དབང་རྗེ་བཙུན་བླ་མ་དང༌། །སྤྲུལ་པའི་རྒྱལ་པོས་ལུང་བསྟན་རྗེས་སུ་བཟུང༌། །ཁྱིམ་པའི་གཟུགས་ཀྱིས་འདུལ་བའི་འགྲོ་བ་རྣམས། །བསྐྱང་ཕྱིར་ཁྱོད་ཀྱིས་འཁོར་ལོས་སྒྱུར་བ་ཡིས། །ཚུལ་གྱིས་རྒྱལ་སྲིད་བཟུང་བའི་རྣམ་ཐར་ལགས། །གཉིས་པ་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས་པའི་མཐར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་རྒྱ་ཆེན་ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་ཚུལ་ནི། གོང་དུ་སྨོས་པ་ལྟར་སྔ་མོ་ནས་རབ་ཏུ་བྱུང་བའི་ཐུགས་འདུན་ཤིན་ཏུ་ཆེ་བར་ཡོད་པ་དང༌། ལྷག་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་མེ་འོབས་ལྟ་བུར་གཟིགས་ཤིང༌། དེ་ལས་སྒྲོལ་བའི་ཐབས་ཀྱི་གཙོ་བོའང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉིད་དུ་དགོངས། བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་ཁྲོད་ནའང་ངུར་སྨྲིག་རྒྱལ་མཚན་འཆང་བ་ཉིད་རབ་དང་ཕུལ་དུ་བྱུང་བར་མཁྱེན་ནས་རིང་པོར་མ་ཐོགས་པར་རབ་ཏུ་བྱུང་བར་བཞེད་པའི་ཚེ། ནུབ་གཅིག་གི་དུས་མནལ་དང་འོད་གསལ་འདྲེས་པའི་གསལ་གནང་དུ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ནང་དུ་ཕེབས། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ་དང་མཇལ། རྡོ་རྗེ་འཆང་ཆེན་པོ་གང་ན་བཞུགས་ཞུས་པས་གཡབས་ཆེན་ན་བཞུགས་གསུང༌། དེར་རྗེ་འདིས་ཕེབས་བྱིན་རླབས་ཞུས་པས་དབུ་སྐྲ་ནས་