[A:༡༥༧]གྲོལ་ཞིང་ཐུགས་རྗེས་གཞན་རྒྱུད་སྨིན་པར་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག །ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་བང་མཛོད་ལ་འདོད་དགུར་དབང་སྒྱུར་བའི་གསང་བ་ཐམས་ཅད་ཀྱི་བདག་པོ། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སྐུའི་སྣང་བརྙན་མངོན་སུམ་དུ་བསྟན་ནས་གསུང་གིས་ཕྲིན་ལས་འབད་མེད་དུ་བསྒྲུབ་པའི་མཐུ་སྟོབས་ཀྱི་མགོན་པོ། ལྷ་དང་བཅས་པའི་སྐྱེ་རྒུ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པའི་བ་དན་སྲིད་རྩེའི་བར་དུ་གཡོ་བ་འདི་ཉིད་ནི་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་དང་དབྱེར་མ་མཆིས་པར་ཚད་མས་གྲུབ་པའི་ཕྱིར། དེ་ཉིད་ཀྱི་རྣམ་པར་ཐར་པ་མཐའ་དག་ནི་ཞིབ་ཏུ་བརྗོད་པར་སུས་ཀྱང་སྤོབས་པ་མ་ཡིན་མོད། འོན་ཀྱང་བདག་ཅག་དང་སྐལ་བ་མཉམ་པའི་བྱིས་པ་སོ་སོ་སྐྱེ་བོ་དག་གི་བློའི་ངོར་ཐ་མལ་པའི་བཤེས་གཉེན་དམ་པའི་ཚུལ་བཟུང་ནས་དུས་འདིར་གངས་རིའི་ལྗོངས་ཀྱི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་རྣམ་པར་ཐར་པའི་ཆ་ཤས་ལས་བརྩམས་ཏེ་གླེང་བར་བྱ་བ་ལ་དོན་གཉིས་ཏེ། སྐུ་སྐྱེ་བ་སྔར་མའི་རྣམ་ཐར་མདོར་བསྟན་པ། སྐུ་སྐྱེ་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ནི། མགོན་ཁྱོད་འོག་མིན་ཆེན་པོའི་ཞིང་ཁམས་སུ། །མངོན་བྱང་རྣམ་ལྔའི་རོལ་རྩེད་མཐར་ཕྱིན་ཏེ། །སླར་ཡང་སྔོ་བསངས་དགའ་མས་ཁྱབ་པ་ཡི། །ནོར་འཛིན་ཁྱོན་གྱི་འགྲོ་རྣམས་ཇི་སྙེད་པ། །རང་རང་སྐལ་པར་འཚམ་པའི་སྣང་བརྙན་གྱིས། །འདུལ་