[A:༡༥༦]བློ་ཡིས་ཅི་ཞིག་བརྗོད། །འོན་ཀྱང་ཇི་ལྟར་པདྨའི་འབྱུང་གནས་ཀྱི། །རིན་ཅེན་མཐའ་དག་ལེན་པར་མ་ནུས་ཀྱང༌། །ཆ་ཤས་བླངས་པས་འདོད་དགུ་སྦྱིན་པ་ལྟར། །ཅུང་ཟད་བརྗོད་འདིའང་དོན་དང་བཅས་པ་ཉིད། །གང་གིས་འདི་ལ་སྐལ་བཟང་དད་པའི་སྤུ་ལོང་གཡོ་ཞིང་འཛུམ་དཀར་ཟླ་བ་ཅི་ཡང་སྟོན། །མཁས་རློམ་ལྗོན་པའི་སྡོང་གི་ཡལ་འདབ་ས་ལ་དུད་ཅིང་ཡིད་ནི་རྨོངས་པའི་འབྲས་བུ་ལྕི། །སྐལ་ངན་ཕྲག་དོག་ཚེར་མའི་མལ་ན་སྨྲེ་སྔགས་འབོད་ཅིང་རང་གི་དེ་ཉིད་མ་ལུས་ངོམ། །དཔྱོད་ལྡན་གཟུར་གནས་སྙན་གྲགས་གདུགས་དཀར་བསིལ་ཡབ་གསར་པས་ཁོར་ཡུག་རི་བོའི་ཁྱོན་ཀུན་འགེངས། །དེ་དག་མཁས་པའི་དགའ་སྟོན་ལྷུར་ལེན་པ། །སྙན་ངག་ལང་ཚོའི་རྒྱན་དུ་བོས་པ་བཞིན། །ཉིན་བྱེད་འོད་ཀྱི་ཆུ་སྐྱེས་བཞད་པ་དང༌། །མཚན་མོ་རྒྱུ་བ་མུན་པར་བྱས་པ་སྙམ། །བློ་གསལ་དབང་པོ་ཁ་བའི་སྨན་ལྗོངས་ན། །ཡོངས་འཛིན་དམ་པའི་ཡོན་ཏན་རྗེས་དྲན་ནས། །ལག་པའི་འདབ་ཕྲེང་གཙུག་ན་ཐལ་སྦྱར་ཏེ། །རྟོགས་བརྗོད་མགྲིན་པའི་རྒྱུད་མངས་འདི་བསྒྲགས་སོ། །བླུན་རྨོངས་གྲོང་པའི་འགལ་དུམ་ཚིག་ཕྲེང་གིས། །དམ་པ་ཡོན་ཏན་བརྗོད་པར་ཅི་ཞིག་འོས། །སྡེབ་ལེགས་རྣམ་ཐར་རྨད་བྱུང་ངོ་མཚར་གཏམ། །སྐལ་བཟང་རྣ་བའི་བཅུད་ལེན་སྦྱིན་གྱིས་ལོང༌། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ། །ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། གངས་ཅན་གྱི་མཁས་པ་ཡོངས་ཀྱིས་ཟུར་ཕུད་ལ་ཞབས་ཀྱི་པདྨ་ལན་བརྒྱར་ངལ་གསོ་བའི་པཎྜི་ཏ་ཆེན་པོ། རྟོགས་པས་རང་རྒྱུད་