[A:༢༤༤]སྐུའི་མཁའ་དབྱིངས་བསྡུས། །ངོ་མཚར་སྣང་བའི་དགའ་སྟོན་ཅི་ཡང་བསྟན། །སླར་ཡང་འཁོར་བ་ཇི་སྲིད་གནས་ཀྱི་བར། །འགྲོ་འདིའི་དཔལ་དུ་ཤར་བ་ཨེ་མ་ཧོ། །ཕལ་ཚིག་སྦྲེངས་ཆགས་ཐོ་ཆོར་འགོད་བྱེད་པོའི། །བླུན་རྨོངས་དག་གི་སྙིང་ལ་མི་འབབ་ཀྱང༌། །ཟླ་དབང་དགེ་དབང་དཔལ་བོའི་གཞུང་ལུགས་བཞིན། །མཁས་པའི་དགའ་སྟོན་རྟོགས་བརྗོད་འདི་སྨྲས་སོ། །དེ་ལྟར་ན་དཔལ་ལྡན་ས་སྐྱ་པའི་བཞེད་པས། ཐུབ་པའི་དབང་པོ་འདིའི་བསྟན་པ་ལོ་ལྔ་སྟོང་གནས་པའི་དབང་དུ་བྱས་ནས་ལོའི་གྲངས་རྩིས་པ་ན། ཐུབ་དབང་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་ནས་བདག་ཉིད་ཆེན་པོ་འདི་ཞིང་གཞན་དུ་གཤེགས་པ་ཡན་ལ་ལོ་གསུམ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་གཅིག་སོང༌། ད་ལྷག་མ་སྟོང་དང་གསུམ་བརྒྱ་སུམ་ཅུ་རྩ་དགུ་གནས་པར་ཤེས་པར་བྱའོ། །ད་ནི་རྩོམ་པ་མཐར་ཕྱིན་པའི་ཚིག་འགའ་བརྗོད་པར་བྱ་སྟེ། འདི་ན་ཁུ་བྱུག་ཙ་ཀོ་ར་དང་སྦྲང་རྩི་བྱེད་པས་ཀུན་ནས་གང་བའི་པད་མཚོར་གཉིས་འཐུང་དགའ་བས་རྩེན། ཙུ་ཏ་གསར་པའི་སྙེ་མ་རྒྱས་འགྲམ་ནི་ཙུ་ལ་ཡི་ལན་ཚར་ཁྲོད་ན་ཀ་དམ་མྱོས་པའི་གླུ་དབྱངས་སྒྲོག །ཛཱ་ཏི་སྣ་མའི་མེ་ཏོག་ཕྲེང་བ་རྒོད་འཛུམ་རྩེ་ལ་རྐང་དྲུག་ལྡན་པ་ཉིན་བཞིན་རྒྱུ་བ་དེ་བཞིན་དུ། །དམ་པའི་བཀའ་དྲིན་བདུད་རྩིས་མྱོས་པས་ཁོ་བོའི་ཡིད་འདི་དབང་མེད་བསྐྱོད་ནས་རྟོགས་བརྗོད་གཏམ་འདི་གསལ་བར་བསྒྲགས། །དེ་ལས་ཐོབ་པའི་དགེ་བ་གང་ཞིག་དུང་དང་པད་རྩ་ཆུ་ཤེལ་ལྟར་དཀར་དེ་ནི་སྲིད་ཞིས་བསྡུས་པ་ཡི། །དགེ་ཚོགས་དྲི་མེད་གཞན་དང་ལྷན་ཅིག་མ་རྣམས་དོན་དུ་མྱུར་བ་ཉིད་དུ་ཀུན་མཁྱེན་རྒྱ་མཚོར་འཇུག་གྱུར་ཅིག །གསང་བའི་གཏམ་