[A:༣༥༠]བསམ་གྱིས་མི་ཁྱབ་པ། གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པ་ལྷུག་པར་སྩལ་ཞིང་ཟླ་བ་གསུམ་ལྷག་པ་ཞིག་བཞུགས། གནས་དེར་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད་འཛུགས་དགོས་པའི་བཀའ་བཀོད་དང༌། དེའི་ཐེབས་ལ་དཔོན་སློབ་རྣམས་ཀྱིས་ཕུལ་བའི་དངོས་པོ་ཐོགས་པ་ཡང་འཇོག་པར་གནང༌། སླར་སྦྱིན་བདག་ཆེན་པོས་གུས་པས་སྤྱན་དྲངས་ཏེ་རེ་ཞིག་རྫོང་དུ་སྐུ་མཚམས་ལ་བཞུགས། སྟོན་བོ་དོང་བླ་བྲང་དུ་ཕེབས་ནས་སྐུ་མཚམས་བཅད་རྒྱའི་ཁོངས་ནས་བླ་ཆེན་འཇམ་དབྱངས་དང༌། བདག་ཅག་ལ་དབང་གོང་མ་གསུམ་གྱི་ལམ་ལ་སོགས་པ་རྗེ་ཉིད་ལ་མངའ་བའི་གསུང་ངག་རིན་པོ་ཆེའི་སྐོར་མཐའ་དག་སྒྲུབ་པ་ལུང་བྱིན་པའི་བར་དུ་གནང༌། རྗེ་བཙུན་དབོན་རིན་པོ་ཆེ་བསྙེན་པར་རྫོགས་པའི་ལས་སློབ་སོགས་རབ་བྱུང་བསྙེན་རྫོགས་མང་པོའི་ཆོ་ག་མཛད། རྗེ་གྲུབ་ཆེན་སངས་རྒྱས་དཔལ་བ་སྤྱན་དྲངས་ཏེ། བདེ་མཆོག་ལུ་དྲིལ་སོགས་བདག་ཆེན་རྡོ་རྗེ་འཆང་ནས་བརྒྱུད་པའི་དབང་རྗེས་གནང་ཁ་ཅིག་གསན། ལོ་དེའི་མཇུག་ནས་ཁྱི་ལོ་ཟླ་བ་དྲུག་པ་ཡན་བླ་བྲང་དཀར་པོ་ཉིད་དང༌། གཙོ་བོར་བོ་དོང་རྫོང་དུ་སྐུ་མཚམས་ངེས་པ་ཅན་ཁོ་ན་ལ་བཞུགས། ཟླ་བ་བདུན་པའི་ནང་དུ་སཱཙྪ་འབུམ་ཐེར་གསུམ་བཞུགས་པའི་མཆོད་རྟེན་ཁང་བུ་བརྩེགས་པ་ཞིག་ལ་ཀྱེ་རྡོ་རྗེ་རས་བྲིས་ལ་བརྟེན་པའི་རབ་གནས་རྒྱས་པ་ཞིག་མཛད་དེ། རིང་བསྲེལ་བཞུགས་པའི་ཚེ། ཕྱོགས་རྣམས་སུ་བྱོན་ཞིང་མཛད་པ་ན། ནམ་མཁའི་མཐོངས་ཨིནྡྲ་རྙིལ་ལྟར་དྭངས་ཤིང་ཉི་མའི་འོད་གསལ་བ་ལ། མཐའ་ཐམས་ཅད་ཆར་སྤྲིན་གསར་པས་ཆེད་དུ་གཏིབས་པ་ལྟ་བུ། དེ་དག་ལས་གྱེས་པ་ལྟ་བུའི་འཇའ་ཁ་དོག་ལྔ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་མཆོད་རྟེན་གྱི་ཐད་དུ་གདུགས་