[A:༣༦༤]ཆོས་གྲྭ་དེའི་གྲ་ཚང་སོ་སོའི་སློབ་དཔོན་ལ་སོགས་པ་མདོ་སྔགས་ལ་སྦྱངས་པ་དུ་མ། འགོས་པདྨ་གུང་བཙན་གྱི་སྐྱེ་མཐའ་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་བྱར་རུང་ཁ་ཤོར་བ་སྔགས་འཆང་ཤཱཀྱ་བཟང་པོ། འཇའ་ལུས་རྡོ་རྗེའི་སྐུ་ལ་མངོན་པར་ཉེ་བའི་རྗེ་བཙུན་མ་འཁྲུལ་ཞིག་ཀུན་དགའ་ཆོས་ལྡན། སྒྲོལ་ལམ་དྲག་པོའི་ཆོས་ལ་མངའ་བརྙེས་པ་གནམ་སྡིངས་པ་ཚེ་བདག་རྣམ་རྒྱལ། རྗེ་ཉིད་ཀྱི་གཅུང་པོ་དམ་ཅན་བྲན་དུ་འཁོལ་བའི་མཐུ་སྟོབས་ཅན་དཀོན་མཆོག་ལྷུན་གྲུབ། རྫོགས་ཆེན་ཟབ་མོའི་ཆོས་ལ་དབང་འབྱོར་པ་ཟིངས་པ་རྟ་མགོའི་དཔོན་ཆེན་ལ་སོགས་པ་སྔ་འགྱུར་གྱི་ཆོས་ལ་མཁས་ཤིང་གྲུབ་པ་མང་པོ་སྟེ། མདོར་ན་གཞན་ལུང་རྟོགས་དང་རང་བཞིན་གྱི་ཡོན་ཏན་ཏིལ་འབྲུ་ཙམ་མ་མཆིས་ཀྱང༌། བླ་མ་དམ་པ་དེའི་སྐུ་དྲིན་འཁོར་ཐབས་མེད་པ་སྙིང་ལ་དྲན་པས་གསོལ་བ་ཕུར་ཚུགས་སུ་འདེབས་པ་བདག་ལྟ་བུས་མཐའ་བརྟེན་པའི་ཞལ་སློབ་དུ་མ་ཞིག་གིས། བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་སྤེལ་བ་འདི་ཡིན་མོད། ཨ་ཧོ་སྐྱ་རེངས་ཤར་བའི་གཟི་བརྗིད་ཀྱིས། །ཉི་མའི་འོད་ཟེར་བླུན་པོ་ཡིས་ཀྱང་གོ །མཛེས་ལྡན་བུང་བ་རོལ་པའི་འཕུར་ལྡིང་གིས། །པདྨའི་འཛུམ་དཀར་བཞད་པར་མི་ཤེས་སམ། །དམ་པ་ཁྱེད་ཀྱི་ཡོན་ཏན་ལྟ་ཅི་སྨོས། །སྲས་ཀྱི་ཐུ་བོའི་ཡོན་ཏན་ཆ་ཙམ་ལའང༌། །འཛིན་མའི་ཁྱོན་འདིར་འགྲན་ནུས་མ་མཐོང་ན། །ཤེས་ལྡན་སྐྱེ་བོ་སུ་ཞིག་ཐེ་ཚོམ་ཟ། །མི་ཤེས་བླུན་པོ་འབུམ་ཕྲག་མང་པོ་ལས། །བློ་ལྡན་མཁས་པ་རེ་རེ་ཁྱད་པར་འཕགས། །གྲངས་མེད་རྨོངས་པས་བསྐོར་བའི་ཁེངས་ལྡན་རྣམས། །རང་སྤྱོད་མཐུན་པས་མགུ་བ་ཙམ་དུ་བས། །ཀྭ་ཡེ་ལེགས་པར་སོམས་དང་ཤེས་ལྡན་ཀུན། །ཀུན་མཁྱེན་བླ་