[A:༣༦༨] ཤེས་ལྡན་རྣམས་ཀྱང་གང་ཡིན་ཟེར་བ་ཙམ་ལས་རྟོགས་དཔྱོད་ཀྱང་མི་འཇུག་པ་ཞིག་བྱུང་སྟེ། ཀྭ་ཡེ་སེམས་དང་བྲལ་བའི་བེམས་པོ་ཡང༌། །དམ་པས་འབོར་བར་ངེས་ནས་མྱ་ངན་གྱི། །རྣམ་འགྱུར་མི་རུང་དེ་དང་དེ་བསྟན་མོད། །སེམས་ལྡན་རྣམས་ཀྱིས་ད་དུང་ངོ་མི་ཤེས། །གླིའུ་ནས་ཕེབ་ནས་ཞག་འགའ་ནས། རྗེ་བཙུན་རིན་པོ་ཆེས་ཕྱག་དཔེ་པོ་ཏི་གཅིག་ཞལ་ཕྱེ་བས། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པས་མན་ངག་ཀུན་གྱི་སྙིང་པོ་ནོར་བུའི་ཕྲེང་བ་ཞེས་བྱ་བ་འཕོ་བའི་གདམས་པ་ཟབ་མོ་སྟོན་པ་དེ་འཐོན་འདུག་པས། དེ་ཁ་སིང་ནས་བཙལ་བས་མ་རྙེད། དེ་དགོས་པ་ཡོད་པས་ཟུར་དུ་ཐོན་གསུང༌། ཕྱག་ཏུ་ཕུལ་བས་ད་ཡང་འདི་ཚོ་གྲབས་བྱེད་དགོས་པ་གདའ་གསུང༌། དེ་ཉིན་ཇོ་ནང་ན་དབོན་སྒྲུབ་ཆེན་མ་ཞིག་ཡོད་པ་དེའི་ཞུ་ཡིག་ན། ཇོ་ནང་བསམ་གཏན་གླིང་ན་ཡོད་པའི་ཆུ་མིག་བཟང་པོ་དེ་གློ་བུར་དུ་སྐམས་འདུག་པ་བགྲེས་མོ་རྣམས་གསུང་དུས་འདི་གཞན་སྐམས་མ་མྱོང༌། སྔོན་རྗེ་ནམ་མཁའི་མཚན་ཅན་རྩེ་ཆེན་དུ་གཤེགས་པའི་ཚེ་སྐམས་བྱུང༌། ད་ལམ་ཀྱང་རྗེ་ཀུན་དགའི་མཚན་ཅན་ལ་སྐུ་དོག་ཡོད་པ་ཡིན་ནམ། ཞེས་གླེང་གི་འདུག་པས་དེར་སྐུ་རིམ་བཞིན་གནང་ན་ལེགས་བསམས་ཞུ་བ་རྗེ་དབོན་དྲུང་དུ་ཕུལ་འདུག་པ་སྙན་དུ་བཏབ་པས་ཀྱང་ཅི་ཡང་མི་གསུང་སྟེ། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་དགོངས་པར་འདུག་སྟེ། ངེད་རང་རྟག་འཛིན་ཆེ་ཞིང་སེམས་རྨོངས་པ་དང༌། སྔར་ཡང་ཞིང་གཞན་དུ་གཤེགས་པའི་ལུང་བསྟན་སོགས་རིམ་པར་བྱུང་ཡང༌། རྗེ་ཉིད་ཀྱི་ཐུགས་རྗེ་དང་ཐུགས་དམ་གྱི་བྱིན་རླབས་ཀྱིས་ཞིང་འདིར་བཞུགས་པ་ཡིན། ད་དུང་ཡང་དེ་ཀར་ཡོང་སྙམ་པ་ལས་གཞན་བློ་ལ་འཆར་རྒྱུ་མ་བྱུང་ཞེས་དབོན་