[A:༣༧༢]ཞུས་པས། བསྐྱེད་རིམ་ཤིན་ཏུ་གསལ་བ་ཞིག་བྱུང་བས་དེའི་ལད་མོ་བྱས་པ་ཡིན་ནམ་གསུང༌། སྲོད་ཐུན་ཀྱང་རིམ་བཞིན་མཛད། བདག་གིས་ཕུལ་བའི་རྒྱ་འཕན་དེ་དང་དཀར་མེ་མང་བ་ཞིག་ཐེག་མཆོག་ཕོ་བྲང་དུ་ཕུལ་ཤོག་གསུང༌། མར་མེ་ལེགས་པོ་འདུག་གམ་གསུང་གདའ་ཞུས་པས་གོ་བཅད་ངའི་ལམ་ཕྱྭ་ཡིན་མོད་ཅེས་གསུང༌། ཁོང་རྣམས་ལ་ལམ་གྱི་གྲོགས་ཞུ་དགོས་པས་རབ་འབྱམས་པས་དགུ་གཏོར་བཟབས་ལས་མཛད། ངས་འདི་ག་ནས་གཏོར་བསྔོ་རྒྱས་པོ་ཞིག་བྱ་ཡིས་གསུང་སྟེ། གཅུང་པོ་ཆོས་ཀྱི་རྗེ་མཐུ་སྟོབས་ཀྱི་དབང་ཕྱུག་དེ་གཟིམས་ཆུང་དུ་རྔ་བརྡུངས་སོགས་མཛད། རྗེ་ཉིད་བདེ་བ་ཅན་དུ་བཞུགས་ནས་རྔ་དྲིལ་སོགས་སྐུ་ཁམས་གསོ་ན་ཡོད་དུས་ལས་ཀྱང་བདེ་བ་དང་བཅས་མཛད་ཀྱི་འདུག་ཅེས་ཐོས། དེ་ནས་རེ་ཞིག་ན་བདག་གི་ཕས་ཐུགས་དམ་གསལ་པོ་ཡོད་དམ་ཞུས་པས། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་སྐུ་དྲིན་ལས་ཏིང་ངེ་འཛིན་ཤིན་ཏུ་གསལ་བར་ཡོད་གསུང༌། དེ་ནས་གཞན་གསུང་ཆེར་མ་བྱོན། ཅུང་ཟད་ཐོས་པ་ལ་ནི། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿཁོ་ན་གསུང་གི་འདུག་ཟེར། དེར་བསོད་ནམས་དང་ལྡན་པའི་སྐུ་འཁོར་དང༌། སྦྱིན་པའི་བདག་པོ་གནས་གསར་པའི་ཞལ་ངོ་དེར་བཞུགས་པ་ཐམས་ཅད་དྲུང་དུ་ལྷགས་ནས་བྱིན་རླབས་ཞུས། སྨོན་ལམ་བཏབ། ཞབས་སྤྱི་བོར་བླངས་ཏེ་གསོལ་བ་བཏབ་པའི་མཐར། བདག་གི་ཕས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་བདག་ཅག་རིགས་བརྒྱུད་འཁོར་དང་བཅས་པ་ཐམས་ཅད་སྐྱེ་བ་དང་ཚེ་རབས་དང་སྲིད་པ་ཐམས་ཅད་དུ་རྗེས་སུ་འཛིན་པ་དང༌། ཁྱེད་གང་དུ་བཞུགས་པའི་ཞབས་དྲུང་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས། སྤྱན་གྱིས་