[A:༣༨༨]པ་བདག་གི་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱི་ཕྱག་ལེན་ཇི་ལྟ་བར་མ་འཁྲུལ་ཞིང་མ་འདྲེས་པར་བསྒྲུབས་ཏེ། ཡོངས་སུ་གདུང་ཚ་རྗེ་བཙུན་སྒྲོལ་མའི་སྐུ་འབུམ་ཕྲག་གཅིག་ལྷག་པར་བཏབ་པ་ལས། གཙུག་ལག་ཁང་འདི་ན་ཁྲི་ཚོ་བརྒྱད་ལྷག་པ་ཞིག་བཞུགས། གཞན་རྣལ་འབྱོར་དབང་ཕྱུག་དང་ཀྱེ་རྡོ་རྗེ་ལ་སོགས་པ་རེ་རེ་ཞིང་ཡང་སྟོང་ཕྲག་མང་པོ་བཏབ་ཅིང༌། ཐམས་ཅད་ལ་གསེར་གསོལ་ཏེ་ཕྱོགས་ཀྱི་ཞལ་སློབ་རྣམས་ལ་བྱིན་རླབས་རྟེན་དུ་ཕུལ། ཕལ་ཆེར་གཙུག་ལག་ཁང་འདི་ཉིད་ན་བཞུགས་ཏེ། མདོར་ན་ཟླ་བ་ཕྱེད་དང་ལྔ་ལ་རྟེན་དང་བརྟེན་པ་མཆོད་པའི་ཡོ་བྱད་དང་བཅས་པ་མ་ཚང་བ་མེད་པའི་ཞབས་སུ་ཆུག་ཅིང༌། དེའི་ཚེ་ངོ་མཚར་བའི་ལྟས། ཟླ་བ་དགུ་པའི་ཚེས་བཞི་ལ་སྐུ་འདྲ་རིན་པོ་ཆེ་ལ་སྲོག་ཤིང་ཕུལ་བའི་འཇའ་གུར་དང་མེ་ཏོག་གི་ཆར་ལྷག་པར་བབས་པ་དང༌། རྟེན་གྲལ་བསྒྲིགས་པའི་ཉིན་ཐམས་ཅད་མཐུན་སྣང་གྲུབ་པར་རྒྱུན་པའི་ཉི་མ་གཉིས་ཙམ་གྱིས་རིང་བ་བྱུང་བ་སོགས་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་ཁྲིག་ཁྲིག་བྱུང་ལ། གེགས་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་པར་ཚེགས་ཆུང་ངུས་བདེ་བླག་ཏུ་གྲུབ་པ་འདི་ལྟ་བུ་ཡང་རྗེ་བཙུན་ཉིད་ཀྱི་ཐུགས་རྗེ་ཁོ་ན་ལས་བྱེད་པོ་གཞན་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་ནས་སྲས་ཀྱི་ཐུ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས་སྤྱན་དྲངས་ཏེ་ཟླ་བ་བཅུ་པའི་ཚེས་བཅུ་ལ་སྟ་གོན་མཛད་དེ། དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རབ་ཏུ་གནས་པ་ཤིན་ཏུ་རྒྱས་པ་ཞག་ལྔ་པ་ཞིག་མཛད་དེ། དེའི་ཚེ་ཡང་འཇའ་འོད་མེ་ཏོག་གི་ཆར་ཆེར་བབས། བླ་མ་རྣམས་རེ་རེ་ནས་རིམ་བཞིན་སྐུ་དྲུང་གི་མར་མེ་འཛིན་པ་སོགས་བྱིན་རླབས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པས་ཕྱུག་པའི་སྐུ་དངོས་ལྟ་བུ་དེ་དག་