[A:༢༦༨] ཟླ་བ་བྱུང་ངོ་ཅོག་གི་ཚེས་བཞི་མཆོད་པ་ལ་དཔལ་ཀྱེ་རྡོ་རྗེའམ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་རྒྱས་པར་མཛད་ལ། དུས་རྒྱུན་དུ་ཡང་སྐུ་འདྲའི་དྲུང་དུ་མཆོད་པ་གྱ་ནོམ་པ་བཤམས་ནས་གུས་པའི་ཕྱག་དང་མཎྜལ་སྔོན་དུ་འགྲོ་བའི་ཡན་ལག་བདུན་པ་རྒྱས་པ་ནམ་ཡང་འཆག་པའི་སྐབས་མེད་ལ། ནང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱ་ཆེན་པོ་ཡང་རྒྱུན་དུ་འབུལ་བར་མཛད་པ་ཡིན་ནོ། །ཟབ་གསལ་བློ་གྲོས་གཏེར་ཆེན་འཇམ་པའི་དབྱངས། །ངུར་སྨྲིག་རྒྱལ་མཚན་པ་ཡི་སྐུ་བསྟན་ནས། །འཁྲུལ་མེད་དཔལ་ལྡན་ས་སྐྱའི་རྗེ་བཙུན་གྱིས། །རྣམ་དཀར་བཟང་པོའི་འཕྲིན་ལས་རྒྱས་མཛད་དེ། །ཁྱོད་ཀྱི་ཀུན་གཞི་ཕུང་ཁམས་སྐྱེ་མཆེད་ལ། །ཟག་མེད་དགའ་བཞིའི་དབང་ཆོག་ལེགས་བསྐུར་ནས། །མི་འཕྲོག་སྐུ་བཞིའི་ས་བོན་སྨིན་པའི་འབྲས། །རྒྱ་ཆེན་དོན་གཉིས་ལྷུན་གྲུབ་འདི་ངོ་མཚར། །གཞན་ཡང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ལས་རྗེ་བཙུན་བཅོམ་ལྡན་འདས་མ་རིག་བྱེད་མའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཀག་ཆོལ་འདོད་པའི་རྒྱལ་པོ། ཚོགས་བདག་བགེགས་ཀྱི་རྒྱལ་པོ་ཕྱག་བཅུ་གཉིས་པ་རྣམས་ཀྱི་རྗེས་སུ་གནང་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མན་ངག་ཡི་གེའི་རིགས་ཡོངས་སུ་རྫོགས་པའི་ལུང་དང་བཅས་པ་གསན་ཞིང༌། འདི་རྣམས་ས་སྐྱ་པ་རང་གི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་མན་ངག་གི་ཉིང་ཁུ་ཡིན་པས་ཉམས་སུ་ལོང་ཞིག་ཅེས་རྗེས་སུ་གདམས་པ་ཡང་མཛད་གསུང༌། དེ་བཞིན་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་སུ་གནང་བ་ཐུན་མོང་དང་ཐུན་མོང་མིན་པ་པུ་ཏྲ་མིང་སྲིང་གི་