[A:༢༧༧] དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ། ལྷ་བརྒྱད་ཞལ་བཞི་པ། རྣམ་སྲས་བྱ་སྡེར་ལུགས། དམག་ཟོར་རེ་མ་ཏཱི་རྣམས་ཀྱི་རྗེས་སུ་གནང་བ། བོད་དུ་འགྱུར་རོ་ཅོག་རྒྱུད་སྡེ་རིན་པོ་ཆེ་རྣམས་ཕྱོགས་གཅིག་ཏུ་སྒྲིགས་པ་རྒྱུད་འབུམ་དུ་གྲགས་པའི་ལུང༌། ཐེག་པ་ཆེན་པོ་བློ་སྦྱོང་གི་མྱོང་ཁྲིད། ཁྲིད་ཡིག་འགྲོ་མགོན་དཔལ་ཡིས་མཛད་པ་སོགས་མདོར་ན་བླ་མ་འདི་ལ་མངའ་བའི་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མཛད་ཅིང༌། གསང་སྔགས་ཀྱི་བཤད་པ་དང་ཕྱག་ལེན་ལ་བླ་མ་འདི་རང་སྐུ་དྲིན་ཆེ་བ་ཡིན་གསུང་ངོ༌། །གཞན་ཡང་ཐུབ་པའི་དབང་པོས་མདོ་སྡེ་དུ་མ་ལས་གསལ་བར་ལུང་བསྟན་པའི་ཀུན་མཁྱེན་དོལ་པོ་པ་ཞེས་གྲགས་པ་དེ་ཉིད་ཁ་བའི་ལྗོངས་འདིར་ཟབ་ལམ་གྱི་བསྟན་པ་སྤེལ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཞེས་ཏེ། སྐུ་འབུམ་མཐོང་གྲོལ་ཆེན་པོའི་ཆོས་འཁོར་གསེར་ཟངས་སུ་བསྒྱུར་བ་སོགས་ཉིད་ཀྱི་འཕྲིན་ལས་ཀྱི་ལྷག་མ་རྣམས་རྒྱས་པར་མཛད་པའི་བདག་ཉིད་ཇོ་ནང་མཁན་རིན་པོ་ཆེ་ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་ལས་སྔ་ཕྱིར་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་དུ་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་བྱིས་པའི་འཇུག་པའི་དབང་བདུན། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སླད་དུ་འཇིག་རྟེན་པའི་དབང་བཞི། ཡེ་ཤེས་ཀྱི་ཚོགས་ཀྱི་སླད་དུ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་རྣམས་སྔོན་དུ་འགྲོ་བའི་རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་སྦྱོར་བ་ཡན་ལག་དྲུག་པ་མྱོང་ཁྲིད་དུ་གསན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་གྱུར། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་མངའ་བརྙེས་ཏེ་ངེས་པའི་དོན་གྱི་དཔལ་དུས་ཀྱི་འཁོར་ལོ་མངོན་དུ་མཛད། ཟབ་ལམ་གྱི་ཁྲིད་ཡིག་སྔོན་འགྲོ་ཐོག་