R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༠
[A:༢༥༠]༄༅། །རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པའི་གཏམ། ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ་ཞེས་བྱ་བ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྗེ་བཙུན་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ཕུན་ཚོགས་ཡོན་ཏན་ཀུན་གྱི་རིན་ཆེན་གཏེར། །བགྲང་ཡས་མཁས་རྣམས་དགའ་བྱེད་ལེགས་པའི་ལམ། །རྒྱ་ཆེར་གསལ་མཛད་བློ་གྲོས་མཐའ་ཡས་གང༌། །བླ་མའི་དྲིན་གྱིས་སྲིད་འདིར་ཤིས་གྱུར་ཅིག །དཔལ་ལྡན་རིགས་ཀུན་ཁྱབ་བདག་གཅིག་པུ་དགའ་བཞིའི་དཔལ་གྱིས་ལེགས་འཁྱུད་པའི། །ཞི་ཁྲོའི་གར་གྱིས་བློ་གྲོས་མཆོག་རྣམས་རྒྱལ་བའི་གོ་འཕང་ཐོབ་མཛད་ཀྱང༌། །སྐལ་དམན་འདུལ་ཕྱིར་མཚན་ལྡན་བླ་མ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ། །འཕྲིན་ལས་དཔལ་འབྱོར་བཟང་པོའི་ཞབས་ལ་ལན་གཅིག་མིན་པར་ཕྱག་བགྱིད་དོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་དཔལ་མངའ་ཁྱོད་ཀྱི་ཡོན་ཏན་འདི་ཙམ་ཞེས། །སྲས་བཅས་རྒྱལ་བས་བསྐལ་བརྒྱར་བརྗོད་ཀྱང་མཐའ་རྟོགས་ནུས་པ་མ་ཡིན་ན། །བྱིས་བློས་གཞལ་བའི་སྨྱུ་གུའི་རྩོམ་པ་ཀྱེ་མ་ངལ་མོད་དེ་ལྟ་ནའང༌། །ཆ་ཤས་ཀྱིས་ཀྱང་སྐལ་བཟང་སྙིང་ལ་ཀུན་དགའ་བསྐྱེད་ཕྱིར་ངས་འདི་བརྩམས། །བགྲང་ཡས་རྒྱལ་བའི་བློ་གྲོས་རབ་གསལ་བ། །རྒྱ་ཆེན་འགྲོ་བའི་དོན་སླད་རྒྱལ་སྲས་ཚུལ། །མཚོ་སྐྱེས་ལྟར་དཀར་ཡིད་འོང་ལྷག་པའི་ལྷས། །བདག་གི་ངག་ལ་སྤོབས་པ་མཆོག་སྩོལ་མཛོད། །ཀུན་བཟོད་འདིར་ནི་མ་བྱུང་མི་འབྱུང་འབྱུང་བར་དཀའ་བ་གང་གི་མཚན། །བགྲང་ཡས་བསྐལ་པར་