[A:༢༨༤] ཚེ་དཔག་མེད་ལྷ་དགུའི་དབང༌། རྣམ་འཇོམས་པའི་རི་ལུགས་ཀྱི་རིག་གཏད། འཇམ་དབྱངས་ཨ་ར་པ་ཙ་ན་དང༌། སྒྲོལ་དཀར་པཎ་ཆེན་ལུགས་ཀྱི་རྗེས་གནང༌། དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་ལྕམ་དྲལ། གཉན་མགོན་བསྙེན་དུས། དམག་ཟོར་རེ་མ་ཏཱི་གསང་སྒྲུབ་རྣམས་ཀྱི་རྗེས་སུ་གནང་བ་དང༌། རྒྱལ་བའི་སྲས་པོ་ཐོགས་མེད་ཀྱི་བཀའ་འབུམ་ཐོར་བུ་པ་དང༌། རྗེ་གཞོན་ནུ་རྒྱལ་མཆོག་པའི་བློ་སྦྱོང་ཟིན་བྲིས་སོགས་ལུང་གི་རྣམ་གྲངས་དུ་མ་ཞིག་གསན་པར་མཛད། མང་དུ་ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་སེམས་དཔའ་ཆེན་པོ་འབུམ་དབོན་རྡོ་རྗེ་རྒྱལ་པོའི་ཞབས་རྡུལ་ཉེ་བར་བསྟེན་ནས། དཔལ་བདེ་མཆོག་སྡོམ་པ་འབྱུང་བ་ལྷ་བཅུ་གསུམ་དང༌། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལྷ་བཅུ་གསུམ་མའི་དབང༌། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དབང༌། གྲུབ་ཆེན་ཛ་བ་རི་པའི་རྒྱ་གཞུང་བཅོ་བརྒྱད་ཀྱི་ལུང༌། ཕྱག་རྒྱ་ཆེན་པོ་གྲུབ་པ་སྡེ་བདུན་ལས་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ། གཉིས་སུ་མེད་པར་གྲུབ་པ། ལྷན་ཅིག་སྐྱེས་པ་གྲུབ་པ། ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་རྣམས་གསན། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་སྐོར་རྣམས་བླ་མ་དེ་དཔལ་ཇོ་ནང་དུ་སྤྱན་དྲངས་ནས་ཞིབ་ཏུ་གསན་པ་ནི། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད། དཔལ་དོན་དམ་པའི་བསྙེན་པ་རྒྱལ་པོ་པདྨ་དཀར་པོས་མཛད་པ། དབང་མདོར་བསྟན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ། ཡང་ནཱ་རོ་པས་མཛད་པ། དུས་ཞབས་པས་མཛད་པའི་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས། དཀྱིལ་ཆོག་དཀའ་འགྲེལ་པདྨ་ཅན། སྦྱོར་དྲུག་གི་འགྲེལ་པ་སྦས་པ་མིག་འབྱེད། ཨ་བ་དྷཱུ་ཏཱི་པས་མཛད་པ། རྒྱལ་པོ་འཇམ་དཔལ་གྲགས་པས་མཛད་པའི་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ། སློབ་དཔོན་དཔེ་མེད་འཚོས་