[A:༢༨༦]སྟོན་རིན་པོ་ཆེས་མཛད་པའི་མདོར་བསྡུས་དང་པོའི་ཊཱིཀྐ། དཀའ་འགྲེལ་སྙེ་མ། རིན་ཆེན་གཅེས་པའི་ལྡེ་མིག །ཟབ་ལམ་གྱི་སྔོན་འགྲོ། ཐོག་མཐའ་བར་དགེའི་ཁྲིད་ཡིག །ངོ་སྤྲོད་རྒྱུད་གསུམ་གྱི་དོན་གཏན་ལ་དབབ་པ་གཅེར་མཐོང་ངོ་ཤེས་རྣམས་དང༌། སྲོན་པ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར། སྲོན་པ་ཆོས་དཔལ་བཟང་པོས་མཛད་པའི་ཟབ་ལམ་ངེས་དོན་སྐུ་བཞིའི་ལམ་དུ་འཇུག་པ་སོགས་མན་ངག་གི་ཡི་གེ་བཅུ་གསུམ། དེ་དག་གི་ཞལ་ཤེས་དཔལ་ལྡན་བླ་མ་དམ་པས་མཛད་པ། ངོ་སྤྲོད་བསིལ་བའི་ཆུ་རྒྱུན། ཆོས་རྗེ་ཕྱོགས་པས་མཛད་པའི་སྒྲུབ་ཐབས་དཔག་བསམ་སྙེ་མ། དཀྱིལ་ཆོག་བདུད་རྩིའི་རོལ་མཚོ་རྣམས་དང༌། གྲུབ་ཆེན་ཨྱོན་པ་ཆེན་པོའི་ཐུགས་ཀྱི་བཅུད་ཨྱོན་བསྙེན་སྒྲུབ་ཏུ་གྲགས་པ་ཉམས་ཁྲིད་དུ་མཛད་ནས། ལུགས་དེའི་མན་ངག་ཟླ་སེང་བ་ནས་བརྒྱུད་པ་ཆ་ལག་ཕྲ་མོ་ཚུན་ཡོངས་སུ་རྫོགས་པ་དང༌། བླ་མ་བསོད་ནམས་འོད་ཟེར་བའི་གཞུང་བཤད། ཤོང་ལོ་ཙཱ་བའི་ཁྲིད་ཡིག །ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཁྲིད་ཡིག་དང༌། མན་ངག་ཀུན་གྱི་སྙིང་པོ་ནོར་བུའི་འཕྲེང་བ་སོགས་ཐོར་བུ་བ་མང་དུ་གསན་ལ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། སྨན་བླའི་མདོ་བརྒྱད་བརྒྱ་པ། དབུ་མ་བཤེས་སྤྲིང༌། པཎ་ཆེན་མ་ཏིའི་ཆོས་སྤྱོད་རབ་གསལ་སོགས་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་གསན་པ་ཡིན་ནོ། །གསུང་ངག་རིན་པོ་ཆེའི་འཛོད་འཛིན་པའི་ཆོས་ཀྱི་རྗེ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་ལས་གུར་རིགས་བསྡུས་པ་མཁའ་འགྲོ་ལྔའི་དཀྱིལ་འཁོར་དུ་མན་ངག་ལུགས་ཀྱི་དབང་བསྐུར་བ་གསན་ལ། རྗེ་བཙུན་འཇམ་པའི་དབྱངས་དང་གཉིས་སུ་མེད་ཅིང༌། རྡོ་རྗེའི་ཆོས་སྐྱོང་རྣམས་བྲན་བཞིན་དུ་འཁོལ་བའི་མཐུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྗེ་བཙུན་ཆོས་ཀྱི་རྗེ་རྒྱ་དཀར་ཤེས་རབ་རྒྱལ་མཚན་