[A:༢༨༨]གྱ་ནོམ་པས་མཆོད། རྩེ་གཅིག་ཏུ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་མཆོད་པས་མཉེས་པར་མཛད་དེ། དམ་པ་དེ་དག་ཁ་ཅིག་གི་ནི་ཡོན་ཏན་ཡོངས་སུ་རྫོགས་པ་འགའ་ལས་ནི་ཇི་ལྟར་འཚམ་པ་དང་བཅས་པ་གསན་པའི་སྙིམ་པས་ནི་ངོམ་པར་གསོལ། ཐོས་པའི་དོན་ཐམས་ཅད་ལ་ལེགས་པར་བསམ་ཞིང༌། ཚིག་དང་དོན་གྱི་ཆ་ཕྲ་མོ་ཚུན་ཆོད་ལ་ལས་སླ་དང༌། ཤེས་ལོའི་དྲི་མས་མ་གོས་པར་སྒྲོ་འདོགས་བཅད་དེ། བླ་མ་སོ་སོའི་གསུང་གི་སྙིང་པོ་འདིའོ། །ཕྱག་ལེན་གྱི་རིམ་པ་འདིའོ། །བཞེད་པའི་མཐར་ཐུག་པ་ནི་འདིའོ། །ཞེས་རེ་རེ་ནས་མ་འདྲེས་པ་ཡོངས་སུ་རྫོགས་པར་ཐུགས་ལ་མངའ་བ་ཡིན་ནོ། །མཚན་ཉིད་ཀུན་ལྡན་ཡོངས་འཛིན་བཅུ་ཕྲག་གཉིས། །ཁྱད་པར་སྐུ་དྲིན་ཆེ་བའི་དམ་པ་བཞི། །འགྲན་མེད་རྩ་བའི་བླ་མ་བདག་ཆེན་རྗེ། །རྙེད་བཀུར་སྒྲུབ་པའི་མཆོད་པས་མཉེས་བྱས་ནས། །འཁྲུལ་མེད་ཆོས་ཀྱི་སྒོ་བརྒྱ་ཕྱེ་བ་ལས། །སྨིན་གྲོལ་བཤད་པའི་རིན་ཆེན་རིང་ཐང་མེད། །བགྲང་ཡས་བདག་གིར་མཛད་ཁྱོད་གངས་ཅན་འདིའི། །སྐལ་བཟང་སྐྱེ་བོའི་དཔལ་དུ་ཆས་པ་བཞིན། །ཁྱོད་ཀྱི་ཆོས་ཀུན་སྒྲིབ་མེད་གཟིགས་བཞིན་དུ། །མཁས་རྣམས་དགའ་བའི་དད་དང་ཚུལ་ཁྲིམས་ཀྱིས། །སླར་ཡང་ལེགས་བཤད་འབའ་ཞིག་འཚོལ་མཛད་པའི། །ཟབ་གསལ་བློ་གྲོས་མཚུངས་མེད་འདི་ངོ་མཚར། །དེ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་པ་ཞིག་གསན་ཏེ། གསན་པ་དེ་དག་ཀྱང་མིང་ཙམ་མ་ཡིན་པར་ཚུལ་བཞིན་དུ་བསམ་པ་དང་སྒོམ་པས་ཐུགས་ཉམས་སུ་མྱོང་བར་མཛད་པའི་མཐུས། གཞལ་དུ་མེད་པའི་ཡོན་ཏན་གྱི་ཕུང་པོ་ལ་དབང་འབྱོར་པ་ཡིན་མོད་ཀྱི། དེའི་མཐའ་འདི་ཙམ་