[A:༢༩༡]ཤིན་ཏུ་གཅེས་དགོངས་ནས། སྐབས་འགར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་ཡུན་རིང་དུ་འབྱམས་པ་ལ་སོགས་པའི་ཚེ། གསོལ་བ་གདན་གཅིག་པོ་དེ་ཉི་མ་ནུབ་ཁ་དང་ས་སྲིབས་འཚམས་སོགས་སུ་ཡང་བཞེས་པ་མཐོང་ཞིང༌། གསུང་ལས་ཀྱང༌། ང་རང་ལ་སྔ་དྲོ་ཟོས་པ་དང༌། ཕྱི་དྲོ་ཟོས་པ་ལ་ཁྱད་ཆེར་མི་འདུག་ཀྱང་གུང་ཚིགས་མ་ཡོལ་ཙམ་བྱུང་ན་བསྟན་པའི་མིག་ལྟོས་ལ་ཕན་པ་ཙམ་འདུག་སྟེ། ཁ་དོན་མི་ཚར་བ་འདུག་གསུང་ནས་ཐུགས་དམ་ལ་གནོད་ན་ཉན་ཐོས་ཀྱི་བསླབ་པ་ཕྲ་མོའི་བླང་དོར་ཡང་བཏང་སྙོམས་སུ་མཛད་ན་གཞན་ཟིར་ལོང་མང་པོ་རྒྱང་དུ་བསྲིང་བ་སྨོས་ཅི་འཚལ། འདི་ནི་རྒྱུད་སྡེ་དྲི་མ་མེད་པ་ནས་བཤད་པ་དང༌། སློབ་དཔོན་བིརྺ་པ་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་འཁྲུལ་པ་མེད་པ་རྣམས་ཀྱིས་མཛད་པ་དང་རྗེས་སུ་མཐུན་པས་ཤིན་ཏུ་ངོ་མཚར་བའི་མཛད་པ་ཡིན་ལ། དེ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་དྲི་བསུང་ཕུན་སུམ་ཚོགས་པ་ཐོས་པ་ཙམ་གྱིས་ཡིད་ཚིམ་པར་བྱེད་པས་ན་བཟའ་དང༌། གང་དུ་བཞུགས་པའི་གནས་ཁང་ཐམས་ཅད་ཁྱབ་ཅིང་མཛེས་པར་ཞབས་དྲུང་དུ་འོངས་པའི་སྐྱེ་བོ་སྣའི་དབང་པོ་ཡོད་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ཡིན་མོད། ན་བཟའ་ལ་སོགས་པ་ལ་ནི་དེང་སང་གི་བར་དུ་ཡང་ཚུལ་ཁྲིམས་ཀྱི་དྲི་བསུང་ཡིད་འཕྲོག་པ་དེ་མ་ཉམས་པར་གནས་པ་འདི་ཡིན་ནོ། །ལ་ལ་ཐེག་དམན་ཁྱད་གསད་ཧམ་གཏམ་གྱིས། །ཕྲ་རགས་བསླབ་པ་དྲལ་བས་གྲོལ་བར་འདོད། །དེ་དག་འཁྱགས་པའི་སྟེང་གནས་ཁང་བཟང་བཞིན། །མཐོན་པོར་རློམས་ཀྱང་དམའ་བར་ལྷུང་གིས་དོགས། །འགའ་ཞིག་ཐེག་པ་དམན་ལ་དམ་འཆེལ་བས། །མཆོག་གི་ལམ་ལ་མོས་པའང་མི་རྙེད་པས། །