[A:༣༠༤]ཚར་གཉིས་རེ། ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་ཚར་གཉིས་རེ། སོ་སོའི་བཟླས་པ། བསྟོད་བསྐུལ་ཐུན་གཏོར་འབུལ་བའི་བར་ཆོ་ག་ཇི་ལྟ་བ་རྫོགས་པ་མཛད། དེ་ནས་དབང་དང་རྗེས་གནང་གསན་ནོ་ཅོག་གི་ལྷ་རྣམས་ཀྱི་སྔགས་བདུན་བདུན་སོགས་ཉིན་བར་མ་གྲུབ་པའི་ཐུགས་དམ་རྣམས་དང༌། བིར་སྲུང་ཐུན་མོང་བ། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པའི་ཉམས་བཞེས་རྣམས་མཛད་དེ། ཉལ་བའི་རྣལ་འབྱོར་གྱི་ཅུང་ཟད་མནལ་བའི་ཚུལ་མཛད། དེ་མ་ཐག་བཞེངས་ནས་སྔར་བཤད་པ་བཞིན་སྒྲུབ་པར་མཛད་དེ། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བའི་རིམ་གཉིས་ཆ་ལག་དང་བཅས་པ་ལས་ནམ་ཡང་གཡོ་བ་མེད་པར་བཞུགས་པ་ཡིན་ལ། ཟླ་བ་བྱུང་ངོ་ཅོག་གི་ཡར་གྱི་ཚེས་བརྒྱད་དང༌། མར་ངོའི་བརྒྱད་ནས་བཅུའི་བར་ནུབ་རེ་བཞིན་གོང་དུ་སྨོས་པའི་ཡི་དམ་ཆོས་སྐྱོང་རྣམས་ལ་གཏོར་བསྔོས་བསྐང་གསོ་དང་བཅས་ཚར་གསུམ་རེ། སླར་ཡང་གུར་ཞལ་གཉིས་ལ་བསྐང་གསོ་ཚར་བདུན་བདུན་རྣམས་རྔ་བརྡུངས་དབྱངས་དང་བཅས་པ་ཤིན་ཏུ་རྒྱས་པ་སྐྱེད་ལྷས་པའི་ཕྱག་ལེན་ཇི་ལྟ་བར་མཛད་ཅིང༌། གནམ་གང་བྱུང་ངོ་ཅོག་ལ། གཤིན་རྗེའི་དགྲ་ནག་པོ་ཞང་ལུགས་ཀྱི་བདག་བསྐྱེད་མཎྜལ་སྒྲུབ་མཆོད་སྔོན་དུ་འགྲོ་བའི་དམག་ཟོར་རེ་མ་ཏཱིའི་བསྐང་བ་མདོས་དང་བཅས་པ་རྒྱས་པ་རེ་མཛད། དེ་ལྟ་བུའི་ཉམས་བཞེས་དེ་དག་ཀྱང་རྣམ་རྟོག་རྒྱ་ཡན་གྱི་ངག་འདོན་བཤད་སྦྱངས་ཙམ་མ་ཡིན་པར་སྦྱང་གཞི་སྦྱོང་བྱེད་ལེགས་པར་འཕྲོད་པའི་བསྐྱེད་རིམ་སོ་སོ་གསལ་སྣང་མ་ཐོབ་ཀྱི་བར་དུ་བསྒོམས་པ་དང༌། བཟླས་བརྗོད་རྣམས་ཀྱང་ཤབ་ཤིབ་མར་མུར་གང་འགྲོ་བྱེད་པ་མ་ཡིན་པའི་སྔགས་ཀྱི་རིང་ཐུང་གཅོད་མཚམས་ཚུན་ཡེ་མ་འཁྲུལ་ཞིང་