[A:༣༡༤]གྱི་ཕྱགས་ཕྱི་བྱེད་པའི་ཁུངས་བྱས་ལྷ་ཁང་དུ་ཕྱིན་པ་ན་ཉེ་གནས་བསྟན་པ་བ་ཡོ་བྱད་ཁ་ཅིག་ཁྱེར་ནས་ཕྱིར་བྱུང༌། བདག་གི་ནང་དུ་ཞུགས་པས་གར་འགྲོ་སྐུ་མདུན་ནི་བཞུགས་པ་མེད་ཟེར། རྩེད་མོ་ཡིན་ནམ་སྙམ་ནང་དུ་བྱོན་པས་བཞུགས་གདན་ལ་བཞུགས་འདུག །ཕྱག་འབུལ་བྱིན་རླབས་ཞུས་པས་གཏོར་འབུལ་གྱི་རྔ་བརྡུང་ལ་མི་འགྲོ་བ་ཡིན་ནམ་གསུང༌། ཕྱགས་ཕྱི་བྱས་འགྲོ་ལགས་ཞུས་པས་ཅང་མི་གསུང་བ་འདུག །ཁང་ཐོག་ན་གཏོར་མ་འབུལ་ཞིང་འདུག་ནའང་བདག་གི་ཕྱགས་ཕྱིའི་ཁུངས་བྱས་དེ་གར་བསྡད། རེ་ཞིག་ན་ཁོང་ཁ་ཅིག་བྱོན་བྱུང་ནས་གཅིག་པུར་མུན་ནག་འདི་ལ་གང་བྱེད་ཀྱི་ཡོད་ཟེར། ཕྱགས་ཕྱི་ལ་བསྡད་པ་ཡིན་བྱས་པས་ཁོང་རྣམས་ཁྲེལ་དགོད་མང་པོ་བྱས་བཞུགས་གདན་སྟེང་ནའང་མི་བཞུགས་པ་འདུག །བདག་རང་ཡང་སྐྱེངས་པ་ལྟ་བུས་ད་མིག་འཁྲུལ་པ་འདྲ་བྱས། ཁོང་རྣམས་ཀྱིས་ཁྲེལ་སྟབས་དང་བཅས་ཞུས་འདུག་མོད། རྗེ་ཉིད་ནི་བཞད་པ་ལས་གཞན་ཅི་ཡང་མི་གསུང་ད་བསམ་དུས་ངེས་པར་སྐུའི་བཀོད་པ་གཉིས་བསྟན་པ་གོར་མ་ཆག་སྟེ། །གཅིག་དང་དུ་མར་སྣང་བའི་ཆོས་འདི་དག །གཅིག་དང་དུ་མས་སྟོང་པར་མཁྱེན་པའི་མཐུས། །གཅིག་དང་དུ་མའི་ཡུལ་དུ་སྐུ་ཡི་ཚོགས། གཅིག་དང་དུ་མ་སྐད་ཅིག་རེ་རེར་སྣང༌། །གནས་སར་ནས་ཀྱི་ནང་བློན་དཔོན་པོ་སྨན་ཚེ་བ་ཞེས་བྱ་བ་གོ་ཆོད་དགའ་མོ་ཞིག་ཡོད་པ་དེ་ཨོག་རིམས་དྲག་པོས་བཏབ། ལྕེ་ཕྱེད་བསྐྲངས་པ་ལ་སྨན་པ་དག་གིས་ཕན་པའི་ཐབས་དུ་མ་བྱས་ཀྱང་བསྐྱེད་མེད་པར་ཤིན་ཏུ་ཉེན་པ་ན་བདག་གི་བླ་མ་འདི་ལ་བྱིན་རླབས་ཞུས་པས་ཕྱག་གིས་བྱུགས་ཏེ་རྣག་རྡོལ་བར་གྱུར་ཅིག་གསུང༌། དེ་ནུབ་གློ་བུར་དུ་རྣག་རྡོལ་ཏེ་ཁམས་གཞི་མེད་དུ་དྭངས། དེང་སང་གི་བར་དད་