[A:༣༢༢]རྗེ་བཙུན་ས་སྐྱ་པའི་བསྟན་པ་ཐུན་མོང་མ་ཡིན་པའི་སྦྱིན་བདག་དང་བཅས་པ་ལ་སྡང་བར་སེམས་པའམ་གདོན་མ་རུངས་པ་ཞིག་གིས་གནོད་འཚེ་དྲག་པོ་བྱས་པ་རྗེ་ཉིད་ཀྱིས་དགོངས་ཏེ་ཐུགས་དམ་གྱི་འཕྲོ་ལ་སྤྱན་དྲངས་མ་དགོས་པར་ཕེབས་ནས་སྐུ་ཆོས་ཀྱི་གཡབ་ཐོས་བརྡུངས་པ་ན། དཔོན་སློབ་གཉིས་ཀར་གཟིགས་སྣང་མཐུན་པར། གདོན་ཆེན་པོ་བཙུན་པའི་གཟུགས་གདོང་དམར་ཕྱེ་བ་སྣམ་སྦྱར་གྱོན་པའི་རྣམ་པ་ཅན་ཞིག་ཏུ་བྱས་བྲོས་སོང་བ་ན། མི་ནག་པོ་ལུས་བོང་ཤིན་ཏུ་ཆེ་བ་ཞིག་གིས་ཁ་ནས་མེ་ཧུར་གྱིས་འཕྲོས་སོང་མ་ཐག །གདོན་དེ་ཐལ་བ་ཙམ་ཡང་མ་ལུས་པར་ཚིག་པར་གཟིགས་ཤིང༌། དེ་ནས་ཞག་འགའ་ན་ཚེ་དབང་གནང་བའི་ཚེ་ཆང་གནང་བའི་སྐབས་སུ། བདག་གི་ཡབ་ཀྱི་མངོན་སུམ་བཞིན་དུ། ཡེ་ཤེས་ཀྱི་མཁའ་འགྲོ་བུ་མོ་གཞོན་ནུའི་ཆ་བྱད་དར་གོས་ཁྲ་འཇོལ་ལེ་བ་གྱོན་པ་ཞིག་གིས་ཚེ་ཆང་འདྲེན་པར་གཟིགས་ལ། དེ་ནས་རིང་པོ་མ་ལོན་པར་བསྙུང་གཞི་ལས་གྲོལ་ཏེ། ལོ་བཅུ་དྲུག་གི་བར་དུ་ཞབས་བརྟན་པར་བཞུགས་པ་དང༌། བདག་གི་མ་རྒན་མོ་བསྙུང་གཞི་ཚབས་ཆེ་བ་ཞིག་གིས་བཏབ་སྟེ། སྨན་དང་རིམ་གྲོའི་བྱེ་བྲག་ཐམས་ཅད་དོན་མེད་པ་འབའ་ཞིག་ཏུ་སོང༌། སྨན་པ་མཁས་པ་དག་གིས་ད་ནི་འཆོས་པའི་ཐབས་ཐམས་ཅད་དང་བྲལ་བ་སྟེ། འདི་ཙམ་ནས་ནད་ཀྱི་རྣམ་པ་འདི་ལྟ་བུ་ཞིག་འཁྲུ་བར་འགྱུར་ལ། དེ་ནས་ཟན་ཟ་ཡུན་ཙམ་ཞིག་ལས་མི་ཐུབ་པས། གཞན་མཛད་རྒྱུ་ཡོད་ན་སྐབས་སུ་བབ་ཀྱི། བདག་ཅག་སྨན་པ་རྣམས་ཀྱི་ནུས་པ་ནི་རེ་ཞིག་དེ་ཙམ་དུ་ཟད་དོ། །ཞེས་སེམས་ཁོང་དུ་ཆུད་ལ། གཉེན་བཤེས་ཐམས་ཅད་ངུ་བ་ཙམ་ཞིག་ར་མདར་སྒྲོན་པར་བྱེད། སྨན་པ་དེས་ཇི་སྐད་བསྟན་པ་