[A:༣༢༤]སེམས་མ་ཡེངས་པ་ལྷོད་དེ་བཞུགས་ཤིག་གསུང་ཅུང་ཟད་ཙམ་ཕྱག་བདག་གི་མགོ་བོར་བཞག་སྟེ་ཏིང་ངེ་འཛིན་ལ་བཞུགས་པ་ཙམ་གྱིས་འཆི་བདག་ལས་ཐར་ཏེ། ཐམས་ཅད་ངོ་མཚར་བར་གྱུར་ཅིང་དིང་སང་གི་བར་གནས་པ་འདི་ཡིན་མོད། སྐུ་ངོས་ཀྱིས་བྱིན་རླབས་མཛད་ན་འཆི་བདག་ལས་ཐར་བ་ལས་འོས་ཅི་མཚན་ཙམ་གྱིས་ཀྱང་ནད་གདོན་ཐམས་ཅད་སེལ་བར་མཛད་དེ། བདག་རྟ་ནག་ཏུ་འདུག་པའི་ཚེ། དགེ་འདུན་གྱི་སྡེ་འཁྲུག་ཁམས་ཆེན་པོ་ལངས་ནས་རབ་ཏུ་བྱུང་བ་ཁ་རེ་ཐར་རོ་ལ་སོང་བ་མཐོང་བས་སྙིང་ལ་མི་བཟོད་པའི་ཟུག་ངུ་ཅི་ཡང་སྐྱེས་པས་རྐྱེན་བྱས་སྲོག་རླུང་སྟོད་འཚངས་ཀྱི་ནད་དྲག་པོ་ཞིག་ཡོད་པ་དེ་ལངས་པའི་སྟེང་དུ། སྡེ་འཁྲུག་སློང་བར་བྱེད་པའི་འབྱུང་པོ་མ་རུངས་པ་དེས་ཀྱང་གླགས་ལྟས་པ་ལ་བརྟེན་ནས། ཟུག་ཟེར་གྱིས་དྲན་མེད་དུ་བརྒྱལ་ཏེ་དབུགས་ཀྱི་འགྱུ་བ་ཆད་ནས་རིང་ཞིག་ལོན་པ་ན། ཐབས་གཞན་ཟད་དེ་ཟླ་བོ་དེ་དག་གིས་བདག་གི་བླ་མ་དམ་པ་འདིའི་མཚན་མནལ་ལམ་དུ་སྐད་སངས་མཐོན་པོས་བསྒྲག་མ་ཐག །དྲན་པ་རྙེད་མོད་ཟུག་ཟེར་བསྲན་པར་མ་ནུས་ལ། དབུགས་ཀྱང་འབྱིན་པར་མི་ནུས་ན། སྐད་འདོན་པ་ལྟ་ཅི་སྨོས། སེམས་ཀྱིས་གསོལ་བ་བཏབ་པའི་ཚེ། ཞལ་གྱི་དཀྱིལ་འཁོར་མིག་སྔར་ལམ་པ་ཞིག་བྱུང་མ་ཐག་ནད་དེ་བྱུང་བའི་རྗེས་བཙལ་ཡང་མེད་པར་སྐད་ཅིག་དེ་ལ་ཕན་པ་ལྟ་བུ་འདིས་མཚོན། དད་གུས་ཀྱིས་གསོལ་བ་འདེབས་ནུས་ན་ནམ་ཡང་བསླུ་བ་མེད་པར་རྗེས་སུ་བཟུང་བའི་གཏམ་དུ་མ་ཞིག་ཡོད་མོད། རེ་ཞིག་དེ་ཙམ་མོ། །གང་ལ་ཡང་སྐྱབས་ན་ནམ་ཡང་མི་བསླུ་བ། །དེ་འདྲའི་སྐྱབས་ནི་བླ་མ་མཆོག་ཡིན་ཞེས། །ལྷ་མིའི་སྐྱབས་ཀྱིས་གསུངས་པ་འདི་རེ་བདེན། །ལྟོས་ཤིག་སྐྱབས་ཀྱི་ཆོས་འདིས་བསླུས་པ་སུ། །སུ་ཡིས་བསྟེན་ཀྱང་དོན་མེད་