[A:༣༢༦]ནོ་སྙམ་དུ་སེམས་པའི་ལྷ་རྣམས་ཀྱིས། ནམ་མཁའ་ཁ་དོག་སྣ་ལྔ་པ་འཇའ་ཚོན་གྱི་གུར་རྣམ་པར་བཀྲ་བ་ཞིག་རྗེ་བཙུན་འདིའི་དབུ་ཐོག་ཏུ་ཕུབ། འཇའ་དཀར་པོ་དར་བརྐྱང་པ་ལྟ་བུ་དང༌། པ་ཏྲ་ལྟར་འཁྱིལ་བ་དང༌། ལྗོན་ཤིང་ལྟར་གྱེས་པ་མང་པོ་ནི་ཕྱོགས་དུ་མ་ནས་གདུགས་དེའི་ཉེ་འཁོར་དུ་འདུས་པ་བཞིན་དུ་བྱས་ཏེ། དམ་པ་འདི་ལྟ་བུའི་ཞབས་ཀྱི་རྡུལ་གྱིས་རེག་པ་སྐལ་པ་བཟང་པོར་གྱུར་པའི་གྲུ་བོ་ཆེ་དེ་ཆུ་གཏེར་གྱི་ཕ་མཐར་ཇི་ལྟར་བགྲོད་པ་བཞིན། འཇའི་ཚོགས་དེ་དག་ཀྱང་ཉེ་བར་འགྲོ་བཞིན་པས། མཐར་གཟིམས་གུར་དུ་ཕེབས་པ་ན་གུར་དེའི་སྟེང་ན་གསལ་ཞིང་མཛེས་པར་གནས་ཏེ་རེ་ཞིག་ནས་དེ་ཉིད་དུ་མི་སྣང་བར་གྱུར་པས། གཞི་བྱེས་ཀྱི་སྐྱེ་བོ་ཐམས་ཅད་མི་ཕྱེད་པའི་དད་པ་ལ་བཀོད་དེ། ཁ་ཅིག་ནི་ཕྱག་འཚལ་ཁ་ཅིག་ནི་མཆི་མའི་ཆར་དང་བཅས་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས། ཁ་ཅིག་ནི་སྐོར་བ་བྱེད། རྒན་པོ་ཁ་ཅིག་ནི་ཨ་ལ་ལ་འདི་འདྲ་བའི་ངོ་མཚར། །སྔོན་ཆད་བྱུང་བའི་སྐོར་དཔོན་འདི་དང་འདི་སྙེད་ཅིག་སུ་ལའང་བྱུང་བ་མ་མཐོང་ཞིང་མ་ཐོས་པས། ད་བར་མ་ཤི་བའང་བསོད་ནམས་ཆེའོ་ཞེས་དོན་དང་ལྡན་པའི་གཏམ་གྱིས་དུས་འདའ་བར་བྱེད་དོ་ཞེས་ཐོས་ཏེ། བཅུ་གསུམ་རྡོ་རྗེ་འཛིན་པའི་གཙོ་བོ་ཁྱོད། །ཁམས་གསུམ་སེམས་ཅན་དོན་ལ་ཆས་པའི་ཚེ། །སྐབས་གསུམ་ལྷ་རྣམས་དགའ་མགུ་ཡི་རངས་ནས། །དུས་གསུམ་ཁེགས་པའི་མཆོད་པ་འདི་ལྟར་བྱས། །དེ་མཐོང་དད་པས་བརླན་པའི་ལུས་ཅན་ཀུན། །ཀུན་མཁྱེན་ས་བོན་སྐྱོན་མེད་འདེབས་ལ་བརྩོན། །བརྩོན་པ་དོན་ཡོད་འདི་ཡིས་ཆེས་མྱུར་དུ། །དུ་མའི་སེམས་ཅན་སྒྲོལ་བར་ཐེ་ཚོམ་མེད། །མེད་བཞིན་སྒྲོ་བཏགས་སྟོང་འུར་སྣ་ཚོགས་དང༌། །དང་པོའི་ལྷ་ཡིས་བྱིན་རླབས་དེ་རྣམས་ཀྱི། །གྱི་ནའི་སྤྱོད་པས་རང་གཞན་བསླུ་བྱཻད་དག །མཐོང་ཚེ་བསླུ་མེད་བླ་མ་སྙིང་