[A:༣༣༠]གཅེས་པའི་བུ། །བུ་གཅིག་པོ་དེ་གཤིན་རྗེའི་གྲོང་དུ་སོང༌། །དེ་ནས་སྐོར་ཆེན་པ་རྣམས་ཀྱིས་སྒར་བཏེག་ནས་ཕྱིར་བྱོན། རྐུན་པོ་དེའང་འགྱོད་ཅིང་སྐྲག་པས་སིལ་སྙན་ནང་དུ་བཅང་མ་ནུས་པར་ཞིང་ཚིགས་སུ་སྦས་པས། སིལ་སྙན་གང་ཁྱེར་སར་སེར་བའི་ལམ་དྲངས་ཏེ། ཆེད་དུ་ངོམ་པ་བཞིན་གང་སྦས་པ་དེ་ཉིད་དུ་སེར་བ་དྲག་པོ་ཁོ་ན་བབས་པས། དེར་ཡང་འཇོག་མ་ནུས་པར་ཡུལ་དེའི་ཉེ་འཁོར་གྱི་སྔགས་པ་ཞིག་ལ་རིན་ཞོ་དོ་བྱས་ནས་བཙོངས། སྔགས་པ་དེ་ལའང་ཆོ་འཕྲུལ་གློ་བུར་བ་དུ་མ་ཞིག་བྱུང་བས་འཆང་མ་ནུས་པར་རྐུན་པོ་ཁོ་རང་བོས་ཏེ། ཁྱོད་ཀྱི་སིལ་སྙན་འདི་ཆོ་འཕྲུལ་ཆེ་བ་ཞིག་འདུག་པས་ཇི་ལྟར་ཡིན་དྲིས་པ་ན། དེ་ན་རེ་ས་སྐྱ་སྒོར་དཔོན་གྱི་ཕྱག་རྫས་ཡིན་ཏེ། སྐོར་ཆེན་ནི་ཕྱིར་ཐེགས་གྲུབ། ད་ཅི་ཡང་སྐྱོན་མེད་ཟེར་བ་ལ། སྔགས་པ་དེས་ཐོས་པ་ཙམ་གྱིས་སྙིང་འདར་བཞིན་དུ། ཆོས་སྐྱོང་བྲན་དུ་འཁོལ་བ་དེའི་ཕྱག་རྫས་མ་གནང་བར་སུ་ཞིག་གིས་འཆང་བར་ནུས། རང་གཞན་ཐམས་ཅད་ཕུང་བར་གྱུར་ཏ་རེ། ད་ངས་སྔར་སྤྲད་པའི་རིན་དེས་བརྔན་པ་གྱིས་ལ་སིལ་སྙན་སྐོར་དཔོན་རང་ལ་ཕུལ་ན་ལེགས། མི་འབུལ་ཀྱང་རུང་ང་ནི་འདི་ལྟ་བུ་གཉེར་མི་ནུས་སོ་ཞེས་སྔགས་པ་དེས་སིལ་སྙན་རྐུན་པོ་ཁོ་རང་ལ་སྤྲད། དེའི་ཚེ་སྐོར་དཔོན་གྱི་སིལ་སྙན་རྐུན་པོས་ཁྱེར་བ་ཆོས་སྐྱོང་གི་ཆོ་འཕྲུལ་གྱིས་མ་དཀྲོལ་བར་སྐད་འདོན་པ་དང༌། གང་ཁྱེར་སར་སེར་བ་འབབ་ཀྱི་འདུག །ཞེས་ད་དིར་དུ་གྲགས་ནས་སྣེའུ་རྫོང་པས་རྐུན་པོ་དེ་སྲོག་དང་ཕྲལ་ནས་སིལ་སྙན་ལྷ་སའི་གཙུག་ལག་ཁང་དུ་ཕུལ་བ་ན། དེར་ཡང་འཕར་བ་དང་སྐད་འབྱིན་པ་སོགས་བྱུང་བས། དེ་ནས་ས་སྐྱ་སྐོར་དཔོན་པའི་སིལ་སྙན་སྒྲ་བོ་ཆེ་ཡོད་ཟེར། སྐོར་བ་བྱེད་པ་རྣམས་ཀྱང་དེའི་ཐད་ལ་ལམ་ཟུར་ནས་འགྲོ་ཞིང་མིག་ལྟ་མི་ནུས་པ་བྱུང་བས།