[A:༣༤༥]སྒྲུབ་པའི་སྐབས་སུའང་གདུགས་ལྷག་པར་འཇམ་པ་སོགས་མཐུན་རྐྱེན་ལྷུན་གྱིས་གྲུབ་པ་དང༌། བར་སྐབས་སུ་བཟོ་བོ་རྣམས་ཀྱིས་སྐུ་ཚད་ཀྱི་ཐིག་སྐུད་བོར་ཏེ། བསྐྱར་ནས་གདན་ས་ཆེན་པོར་བགྲོད་པར་ཆས་པ་ན། རྗེ་འདི་གདུགས་ལ་བཞུགས་པའི་དྲུང་ཧ་ཅང་མི་རིང་བ་སྐད་སྙན་པོ་སྒྲོག་བཞིན་པའི་བྱ་རོག་ཆེན་པོ་གཉིས་འཆམས་འགྲོས་བྱེད་ཅིང་འདུག་པ་ཞིག་དེའི་ཁ་ན་ཐིག་སྐུད་ཁྱེར་ཏེ་རྗེ་འདིའི་དྲུང་དུ་འབུལ་བ། བོ་དོང་གི་གཞི་བདག་ལྷ་མོ་དམག་ཟོར་མ་ལ་བར་ཆད་བསྲུང་བའི་བཀའ་བསྒོ་མཛད་པས་ལྷ་མོ་དེ་བུད་མེད་ཐ་མལ་པའི་གཟུགས་ཀྱིས་བཟོ་བོ་རྣམས་གནས་པའི་ཁང་ཐོག་ཏུ་བཞུགས་པ། བོ་དོང་གི་མི་དཔོན་གླིང་ཆེན་མོ་ཞེས་བྱ་བས་མཐོང་སྟེ། རིན་པོ་ཆེ་འདི་ལྟ་བུའི་སྐུ་མཚམས་དམ་པོ་ལ་བཞུགས་པ་ལ་ཅི་ཕྱིར་འདིར་འོངས་ཞེས་རྒོལ་བ་ན། བུད་མེད་ནམ་མཁའ་ལ་ཡུད་ཀྱིས་སོང་ནས་དམག་ཟོར་མ་གནས་པའི་གཙུག་ལག་ཁང་གི་ཕྱོགས་སུ་ཡལ་སོང་བ་ན། འཇིགས་ཤིང་སྐྱི་གཡའ་བ་མི་ཚུགས་པ་ཙམ་བྱུང་སྟེ་དྲུང་དུ་ཞུས་པས་ལྷ་མོ་དེ་བར་ཆད་བསྲུང་ཕྱིར་འོངས་པར་འདུག་གསུང་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་བཞིན་དུ་མཐར་ཕྱིན། གཟུངས་ཀྱི་ཡི་གེ་ཞལ་བཀོད་དང༌། དག་བྱེད་ལ་སོགས་པ་བདག་གི་བླ་མ་མངའ་རིས་པ་ཆེན་པོ་དེའི་ཚེ་ཉེ་གནས་ལ་བཞུགས་པ་དེས་ལེགས་པར་གྲུབ་ནས། དེ་བཞིན་གཤེགས་པའི་རིང་བསྲེལ། རྗེ་བཙུན་རིན་པོ་ཆེ་ཉིད་ཀྱི་ཐུགས་དམ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ། དཔལ་ལྡན་ས་སྐྱ་པཎྜི་ཏའི་ཕྱག་བྲིས་ཀྱི་ཁ་བྱང་བཏབ་པ། རྗེ་བཙུན་ཉིད་ཀྱི་དབུ་ལོ། །བླ་མ་གོང་མའི་རིང་བསྲེལ་ལ་སོགས་པའི་བྱིན་རླབས་རྟེན་ཁུངས་བཙུན་པ་