[A:༣༤༨]གིས་ལན་གྲངས་བརྒྱར། །སྐལ་ལྡན་སྙིང་ལ་སིམ་པ་ཅི་ཡང་སྩལ། །དེ་སླད་གྲོགས་དག་བསོད་ནམས་དོན་རྙེད་ན། །ཚུར་གཤེགས་རྒྱལ་བའི་སྐུ་འདིར་ཕྱག་མཛོད་ཅིག །སྟག་ལོའི་དགུན་སྟོད་སྐྱིད་སྦུག་ཏུ་སྐུ་མཚམས་ལ་བཞུགས། སླར་ལོ་དེའི་མཇུག་དང༌། ཡོས་ལོ་ཧོར་ཟླ་དང་པོ་ཙམ་གྱི་བར་དུ་བོ་དོང་ཨེའི་བླ་བྲང་དཀར་པོར་སྐུ་མཚམས་ཤིན་ཏུ་དམ་པ་ཞིག་མཛད། དེ་ནས་སྐུ་མཚམས་དེའི་ཁོངས་ནས་མངའ་རིས་བླ་ཆེན་རིན་པོ་ཆེའི་དྲུང་དང༌། རྗེ་བཙུན་དབོན་རིན་པོ་ཆེ་གཉིས་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་རྒྱས་པ་ཞིག་གསུངས། དེའི་དབྱར་སྨད། རྗེ་བཙུན་ཆེན་པོ་གྲགས་པའི་སྐུ་ལྡེར་གཟི་འོད་འབར་བ་བཞུགས་པའི་གཙུག་ལག་ཁང་ཀ་བ་གཉིས་ཀྱིས། ལམ་ཟབ་བརྒྱུད་པ་གཙོ་བོར་བཞུགས་པའི་ཐོད་ལ། ཚེ་དཔག་མེད་ལུགས་གཉིས་དང༌། བདེ་མཆོག་བླ་མ་བརྒྱུད་པ། འདོད་ལྷ་དང་ཆོས་སྐྱོང་དུ་མའི་ལྷ་མགྲོན་དང་བཅས་པའི་ལོགས་བྲིས་གནམ་རྒྱན་སོགས་བཀོད་པས་མཛེས་པ། སྟེང་ན་གསེར་གྱི་མནྫིར་ལྔས་བརྒྱན་པ་ཞིག་བཞེངས་པ་དེའི་རབ་གནས་ལ་སྤྱན་དྲངས་ཏེ་ཕེབ། དཔལ་ཀྱེ་རྡོ་རྗེ་རྡུལ་ཚོན་ལ་བརྟེན་པའི་རབ་གནས་རྒྱས་པ་ཞིག་མཛད་པའི་ཚེ་ཡང༌། འཇའ་འོད་དང་མེ་ཏོག་གི་ཆར་ཆེན་པོ་བབས། སླར་བོ་དོང་བླ་བྲང་དུ་ཕེབས་ཏེ་སྐུ་མཚམས་ཀྱི་ངང་ནས་འཛིམས་པ་དཔོན་ཆེན་ནམ་མཁའ་དཔལ་འབྱོར་དང༌། བདག་ཅག་ལ་སོགས་པ་ཉུང་ཤས་ཤིག་ལ་མགོན་པོད་མེ་འབར་མའི་ལུང་ལ་སོགས་པ་ཆོས་སྐྱོང་ཆེ་ཆུང་གི་ཆོས་མང་དུ་གསུང༌། འབྲུག་ལོའི་སྟོན། མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཁམས་པའི་གྲྭ་པ་ཁ་ཅིག་དང་བཅས་པ་ནཱ་ལེནྡྲ་ནས་ཕེབས་