R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༢ན
[A:༢ན]༄༅། །སྐྱེས་སུ་བཏགས་སོ།། དེས་སྲིན་པོ་སྐྱེ་རེང་ཁྲག་མེད་བྱ་བ་ལ། ཆུང་མ་གཡའ་འབྲུམ་སི་ལི་མ་བྱ་བ་ཡོད་པ་ལས། སྲིན་པོ་སྐྱ་རེང་ཁྲག་མེད་བསད། གཡའ་འབྲུམ་སི་ལི་མ་ཁབ་ཏུ་བཞེས་པ་ལས། སྲས་གཅིག་འཁྲུངས་པ་ནི། སྲིན་པོ་དང་འཁོན་པའི་བར་དུ་བྱུང་པས། མིང་ཡང་འཁོན་དབར་སྐྱེས་སུ་བཏགས་སོ། དེ་ཕྱིན་ཆད་འཁོན་ཞེས་སུ་གྲགས་སོ། དེས་བཙན་ཟ་ལྕམ་བུ་སྨོན་ཁབ་ཏུ་བཞེས་པས། སྲས་གཅིག་འཁྲུངས་ཏེ། མཐུ་དང་རྫུ་འཕྲུལ་ཆེ་བ། བློ་དང་རིག་པ་ལྡན་པ། གཟུགས་དང་ལང་ཚོ་འཛོམས་པ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པ། ཤིན་ཏུ་མཛེས་པ་གཅིག་བྱུང་བས། འདི་འདྲ་མི་ཡུལ་དུ་དཀོན་ཟེར་ནས། དཀོན་པ་རྗེ་གུང་སྟག་ཏུ་གྲགས་སོ།། ཁྱེའུ་དེ་ཡབ་ཀྱིས་ཡུལ་གང་བཟང་ལྟར་བཏང་པས། ལ་སྟོད་གཉན་རྩེ་ཐངས་ཀྱི་ཡ་ཆངས་ལ་ཡུལ་གྱི་དགེ་བརྒྱད་འཛོམས་པར་མཐོང་སྟེ། དེ་ཡང་མཚོ་ཆེན་མཚོ་མོ་ནི་ཞིང་ཆུ་དང། བཏུང་ཆུར་བཟང་ཞིང། ཐང་ཆེན་ཐང་ཕུང་ནི། ཞིང་ས་དང་ཁང་སར་བཟང། སགས་དགུན་བུ་དགུན་སྨུག་ནི། ཁང་ཤིང་དང་འབུད་ཤིང་དུ་བཟང། ཕར་ཡ་ཆངས་ནི་གམ་འབྲོག་དང་རྒྱང་འབྲོག་ཏུ་བཟང་པར་གཟིགས་ཏེ། ཡུལ་དེ་བཟུང་ངོ། དེ་དུས་བོད་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐུ་རིང་ལ། ཟ་ཧོར་གྱི་མཁན་པོ་ཞི་བ་མཚོ་གདན་དྲངས།