[A:༣ན]༄༅། །བཙུན་མོ་ལྷ་གཅིག་མཛེས་མའི་སྲས་མོ་སློབ་དཔོན་མ་བསོད་ནམས་འབུམ་དང། སློབ་དཔོན་མ་ཉི་མ་འབུམ། ལྷ་གཅིག་མཛེས་མའི་ཉེ་གནས་མ། ཇོ་ཇོ་རྡོ་རྗེ་ལྷུན་གྱི་སྲས་སློབ་དཔོན་ཡེ་ཤེས་འབྱུང་གནས་ས་ཕོ་ཁྱི་ལ་འཁྲུངས། མཁན་པོ་ཤར་ལ་གཟུག་པར་གྲགས། ཕྱིས་རྒྱལ་པོ་ཧུ་དཀར་ཆེའི་བླ་མཆོད་ལ་འཇངས་ཡུལ་དུ་བྱོན། སུམ་བཅུ་སོ་དྲུག་པ་ཆུ་ཕོ་བྱ་བ་དེར་འདས། ཟངས་ཚའི་བཙུན་མོ་ཇོ་ལྕམ་ཧོར་མོའི་སྲས་མོ་སློབ་དཔོན་མ་རིན་ཆེན་འབྱུང་གནས། སློབ་དཔོན་ཡེ་ཤེས་འབྱུང་གནས་དང། ཆོས་རིན་སྐྱིད་ཀྱི་སྲས་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆུ་ཕོ་ཁྱི་ལ་འཁྲུངས། ཕྱིས་ཨོལ་ཇ་རུ་རྒྱལ་པོས་གདུང་རྒྱུད་དུ་མངའ་གསོལ། གདུང་རྒྱུད་སྤེལ་དུ་བཅུག་ནས། ལྷ་ཁང་བླ་བྲང་དུ་ལོ་བཅོ་ལྔ་བཞུགས། ཡན་དུ་རྒྱལ་པོས་གུ་ཤྲི་སྣ་ནས་བཞི་ཐོག་ཏུ་བཀོས། ལོ་བཅུ་གཉིས་གདན་ས་མཛད་ནས། དྲུག་བཅུ་རྩ་གཉིས་ཆུ་མོ་ཕག་ལ་འདས། དེའི་སྨན་འཚེར་བཞུགས་དུས་ཀྱིས་སྲས་སློབ་དཔོན་བསོད་ནམས་བཟང་པོ། གཞོན་དུས་སུ་གུའི་མཛད། གེ་གན་རྒྱལ་པོའི་དུས་མི་སྐྱ་བྱས། སྲས་མོ་མུན་ལུ་གན་གན། དབང་བཀོས་ནས་བཏང་བས་མདོ་ཁམས་སུ་འདས། དབུས་གཙང་དུ་དཔོན་ཆེན་ཨ་ལེན་གྱིས་ཇོ་མོ་ཀུན་དགའ་འབུམ་ཕུལ་བ་ལ་སྲས་བླ་མ་ཀུན་དགའ་བློ་གྲོས། རྒྱལ་པོ་བུ་ཡན་དུ། གེ་གན་ཡི་སིན་ཐི་མུར་གསུམ་གྱི་རིང་ལ་ཏི་ཤྲི་མཛད། མ་གཅིག་ཡོན་བདུག་མོའི་སྲས་གཅེན་པོ་གཅིག་བུ་ཆུང་དུ་འདས། གཉིས་པ་བླ་མ་ཀུན་དགའ་ལེགས་པའི་འབྱུང་གནས། ཡི་སུག་ཐི་མུར་རྒྱལ་པོའི་དུས་སུ་གུ་ཤྲཱི་དང་ཏི་ཤྲཱི་མཛད།