[A:༦༠༨]གཡབས་སྟེང་དུ་བཞུགས། མཆོད་དཔོན་གྱིས་ཐུགས་དམ་གཏོར་མ་བཤམས་ཕྱག་དྲིལ་སོགས་ཕུལ་ཀྱང་སྤྱན་མཁའ་རེག་ཤར་གྱི་རི་རྩེ་ལ་ཟིམ་མེ་བཞུགས་པ་ལས་གཏོར་བསྔོས་མི་གནང་འདུག་པ་སྐབས་མཚམས་ཤིག་ནས་ཞབས་བསྐུལ་ཞུས་པར་བསྡུས་པ་ཞིག་མཛད། གསོལ་བ་ཞུས་པས་ཀྱང་ཅུང་ཟད་ཙམ་ལས་མི་བཞེས་པར་སྔར་ལྟར་བཞུགས། དེ་བར་ཕྱག་གཡོག་བྱིངས་ཁལ་བཀལ་ནས་སྔོན་ལ་སོང་གསོལ་དཔོན་བློ་གསལ་ཅན་ལ་ད་དུང་ཇ་སྐོལ་གསུངས་གསོལ་ཇ་སྦྱོར་གཉིས་ཙམ་གྱི་བར་བཞུགས་ནས་ཕེབས། དེའི་ཚེ་ཇོ་མོ་མཁའ་རེག་གི་གངས་རིའི་རྩེར་སྤྲིན་དཀར་པོ་ཆེན་པོ་ཞིག་ལྷོ་ཕྱོགས་སུ་སྐྱེས་བྱུང་བའི་སྟེང་ནས་ཨྱོན་རིན་པོ་ཆེ་སྐུ་མི་ཚད་ལས་ཅུང་ཆེ་བ་ཟ་ཧོར་གྱི་སྐུ་ཆས་སྤྲད་པ་ན་བཟའི་གོང་ལེན་ལ་སྟག་ལྤགས་གསར་པའི་མུ་འགྲིལ་ཡོད་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་དང་གཡོན་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་གསལ་བར་གཟིགས་ནས་རིམ་བཞིན་བསྟི་གནས་སུ་ཕེབས་སོ། །གཉིས་སྤངས་བླ་མའི་ལུང་བཞིན་བུ་སྟོན་རྗེའི། །སེང་ཁྲིར་ཕེབས་ལ་འདོད་ཁམས་དབང་མོ་ཡིས། །ཉེར་བསྐུལ་སྲིད་མཐར་བསྟན་པ་འཕེལ་བའི་སྒྲ། །རབ་དཀར་བཀྲ་ཤིས་གཡས་འཁྱིལ་དུང་ལས་སྒྲོག །འཇིག་རྟེན་གསུམ་དབང་ལྷ་ཆེན་ཉི་མའི་བུས། །རྡོ་རྗེའི་རྭ་རྩེ་སྤུ་གྲི་ལྟར་རྣོ་བ། །ཁྱོད་དྲུང་པད་འདབ་རྗེས་འགྲོའི་འཇམ་མཉེན་གྱི། །རེག་བྱར་ལྟ་ལ་མཁའ་ངོས་རྒྱུ་སྐར་འཁྲིགས། །མཁན་གཟུགས་ལྷ་གྲལ་སྒྲིག་པའི་ལས་དབང་བཅུད། །མྱངས་པས་སྲོག་ལྡན་སྦྱིན་སྐྱེས་མཆེད་མིན་པ། །ལྷ་སྔགས་ཡེ་ཤེས་གསེར་སྒོང་མངལ་འཛིན་པའི། །མེས་པོ་བློ་གསལ་རྒྱ་མཚོ་ཡབ་སྲས་ཙམ། །