[A:༤༦༣]འཕོ་བ་བྱེད་མི་དགོས་ཟེར་བཤོལ་མཁན་བྱུང་བའི་ཐུགས་སྣང་ཤར། རེ་ཞིག་ན་འཚོ་བྱེད་ཀྱིས་རྩ་བལྟས་ཏེ་ད་སྐྱོན་མི་གདའ་ཟེར། རིམ་གྱིས་སྐུ་ཁམས་བདེ་ནས་སྤྱན་ཟུམ་པའང་བྱེ། ཕེབས་འགྲུལ་ཐུབ་ནས་དེར་མ་བཞུགས་པར་རི་སུལ་དབེན་པར་བྱོན་ཞིང་ཐུགས་དམ་མཛད་པས་མྱུར་དུ་དངས། རྗེ་མཁས་བཙུན་པའི་དྲུང་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་དང་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་རྟ་མགྲིན་ལྕགས་རལ་ཅན་སོགས་ཆོས་སྐོར་མང་དུ་གསན། ཁྱད་པར་ལས་གཤིན་གྱི་རྗེས་གནང་གསན་དུས་དངོས་སུ་བྱ་རོག་ཅིག་སྐུ་གཞོགས་རང་དུ་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང༌། ཆོས་གསན་ཐོ་ཕྱག་བྲིས་མ་ཞིག་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་གཟིགས་པར་མང་པོ་འདུག་གསུང་ངོ༌། །ཀློག་ཡིག་འཆིང་རྒྱ་དམ་པོ་བརྒྱ་ཕྲག་མདུད། །རྣམ་དཔྱོད་སོར་རྩེས་ཞར་ལ་འགྲོལ་བའི་བློ། །མཐོ་རིས་བློ་ལྡན་ཕུར་བུའི་རིགས་ཀྱི་བརྒྱུད། །གཉིས་པ་ཁ་བའི་ལྗོངས་འདིར་བཟུང་ངམ་སྙམ། །ལྷ་མིན་གདོན་གྱིས་ཉེར་བཏབ་བརླང་སྤྱོད་ཁྱི། །ཁྲག་འཐུང་རྣམ་པར་རོལ་པས་ཟིལ་མནན་ཚེ། །ཆ་ཕྲའི་ཟླ་བ་ཚེས་ཀྱང་སྨག་གི་རུམ། །སེལ་བའི་དངོས་པོའི་གཤིས་ལ་གང་གིས་བསྙོན། །དག་པའི་བཀོད་པ་རིན་ཅེན་རྩིག་ངོས་ལ། །བགྲང་ཡས་བདེ་གཤེགས་སྣང་བརྙན་ལངྒའི་གཟུགས། །མ་འདྲེས་སོ་སོར་འབྱེད་པ་དགའ་བྱེད་ལྷ། །བསྟན་སྲུང་སཱི་ཏར་འབྲལ་མེད་རྩེ་དགར་རོལ། །རིང་ནས་ལས་འཕྲོའི་འོ་མཚོ་འཁྱིལ་བའི་དབུས། །མ་སྨད་མཁྱེན་པའི་འདབ་སྟོང་བཞད་པའི་རྩེར། །