[A:༤༧༥]མཆོག་ཐུན་གྱི་དངོས་གྲུབ་སྣ་ཚོགས་པ་འབད་མེད་དུ་རྙེད་པའོ། །གསོལ་འདེབས་ལས། སླར་ཡང་གྲུམ་སྟོད་ཁའུའི་ལམ་བགྲོད་ཚེ། །བསྟན་སྲུང་རྣམས་གཉིས་ཛོ་ཀའི་ཟོལ་གྱིས་འོངས། །ཕོ་ཉའི་ཚུལ་དུ་མཁའ་ལ་ཞབས་བསྐྱོད་དེ། །གེགས་མེད་འཕྲིན་ལས་བསྒྲུབ་ལ་གསོལ་བ་འདེབས། །ནམ་ཡང་འབྲལ་མེད་ལྟོས་པར་བཅས་པ་ཀུན། །རྗེ་བཙུན་བླ་མས་སྐྱོང་བར་ཞལ་བཞེས་ཤིང༌། །ཆོས་ཀྱི་འཕྲིན་ལས་འཁོར་ལོ་སྒྱུར་བ་ཡི། །རྒྱལ་ཚབ་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས། །འཆི་མེད་བདུད་རྩི་བསྒྲུབ་པའི་བཀའ་གནང་ཞིང༌། །དབང་བསྐུར་དམ་ཚིག་རྡོ་རྗེ་དྲིལ་བུ་གཏད། །གཞལ་མེད་སྐུ་གདུང་ཡིད་བཞིན་དབང་པོ་ལས། བྱིན་རླབས་བདུད་རྩི་བཞེས་ལ་གསོལ་བ་འདེབས། །འོད་གསལ་དབྱིངས་ལས་བཞེངས་པའི་མཛེས་སྐུ་ཡི། །ངོ་མཚར་གསུང་གི་སྣང་བས་ལུང་བསྟན་ཅིང༌། །སྔོན་ནས་འབྲེལ་བའི་མཁའ་སྤྱོད་དགའ་མ་དེས། །དགྱེས་པའི་འཛུམ་ཞལ་བསྟན་ལ་གསོལ་བ་འདེབས། །ཞེས་པ། དེ་ནས་རྨུ་གཤོང་དུ་ཡབ་ཡུམ་མཇལ་བ་སོགས་ལ་ཕེབས། རིང་པོར་མ་ལོན་པར་རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེའི་དྲུང་དུ་ཕེབས་རྩིས་ཀྱིས་གཞིས་ནས་ཆིབས་ཐོག་ཏུ་ཁྱོན་པ་ནས་བཟུང་ཁའུར་མ་བྱོན་པར་ཨཱ་ཙརྻ་གཟི་བརྗིད་ཅན་གཉིས་ཀྱིས་གར་བསྒྱུར་ཞིང་སྐུའི་གཡས་གཡོན་སྐྱོར་བའི་ཚུལ་གསལ་བར་གཟིགས་པ་མགོན་པོ་ཆེ་ཆུང་གཉིས་སྐུ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་བསྲུང་སྐྱོབ་མཛད་ཅིང་འཕྲིན་ལས་བསྒྲུབ་པའི་མཚན་མར་གསལ། དགུང་ལོ་བཅུ་བདུན་ནས་ཞབས་པད་བསྟེན་པའི་དབང་